རྔ་བར་བློ་བཟང་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་བསྲེགས།


2014.02.13
རྡོ་རྗེ་ལགས་ཀྱིས་རང་ལུས་མེར་བསྲེགས། རྡོ་རྗེ་ལགས་ཀྱིས་རང་ལུས་མེར་བསྲེགས།
Photo: RFA

དེ་ཡང་ཕྱི་ཚེས་༡༣བོད་ནང་གི་དགོང་དྲོའི་ཚོུད་དྲུག་པ་ཡོལ་ཙམ་ལ་བོད་མདོ་སྨད་རྔ་བ་རྫོང་གི་དཔའ་བོའི་སྲང་ལམ་དུ་བོད་མི་བློ་བཟང་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་ཡོད་པ་དུས་ཐོག་རྒྱང་བསྲིངས་ཟིན་པ་ལྟར། ཚེས༡༤ཉིན་དེའི་ཐད་ཀིརྟི་བྱེས་བ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་འདི་གར་གནས་ཚུལ་བཏང་བ་ལྟར་ན། སྤྱི་ཚེས་༡༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ་རྔ་བ་རང་སྐྱོང་ཁུལ་རྔ་བ་རྫོང་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་གོང་མའི་ཕ་ཚེ་དཔག་དང་། མ་ན་མེ་སྐྱིད་གཉིས་ཀྱི་བུ་བློ་བཟང་རྡོ་རྗེ། རང་ལོ་༢༥ ཙམ་ཡིན་པ་ཁོང་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་སྐུ་ལུས་མེར་སྲེག་བཏང་ཡོད་ཚུལ་དང་། དེ་མ་ཐག་རྔ་བ་རྫོང་མཁར་དུ་སྔ་ས་ནས་གྲ་སྒྲིག་བྱས་ནས་ཡོད་པའི་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་འབྱོར་ནས། ཁོང་གི་ལུས་སྟེང་ན་འབར་བཞིན་པའི་མེ་བསད་དེ་རླངས་འཁོར་ཆུང་ཆུང་སྒམ་ཤིང་ཅན་ཞིག་གི་ནང་དུ་བཞག་ཅིང་སྟེང་ལ་རས་ནག་པོ་ཞིག་བཀབ་ནས་བཙན་ཁྲིད་བྱས་འདུག སྐབས་དེར་དངོས་སུ་མཐོང་མཁན་ཞིག་གིས་བརྗོད་དོན། ཁོང་གིས་རླངས་འཁོར་ནང་མགོ་ཡར་བཀྱགས་ཞོར་ལག་གཉིས་ཐར་མོ་སྦྱར་ཡོད་ཀྱང་དེ་མ་ཐག་ཉེན་རྟོག་པས་མར་མནན་ནས་བཙན་ཁྱེར་བྱས་ཡོད་འདུག ད་ལྟ་ཁོང་གི་ཤི་གསོན་དང་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་དཀའ་བའི་གནས་སུ་ཡོད་འདུག བློ་བཟང་རྡོ་རྗེ་ཁོང་ཚང་ལ་མིང་སྲིང་བཞི་ཡོད་པའི་ཆེ་བ་བུ་མོ་དར་མཚོ་དང་། གཉིས་པ་བློ་བཟང་རྡོ་རྗེ་ཁོང་ཡིན་ཞིང་། གསུམ་པ་བུ་མོ་མེས་མེས། བཞི་པ་བུ་བཀྲ་ཤིས་བཅས་ཡིན་འདུག
ཁོང་ཆུང་ཆུང་སྐབས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ནས་ལོ་ཤས་རིང་དགོན་པའི་ནང་བསྡད་འདུག་ཀྱང་། རྗེས་སུ་སྐྱ་སར་བབ་རྗེས་ཨ་མ་དང་སྤུན་ཆུང་བ་བཀྲ་ཤིས་གཉིས་དང་མཉམ་དུ་མགོ་ལོག་དར་ལག་རྫོང་དུ་རླངས་འཁོར་གཙང་བཟོ་བྱེད་སའི་ཚོང་ཁང་ཞིག་གཉེར་ནས་བསྡད་ཡོད་འདུག ཟླ་ཤས་གོང་ནས་ཕྱུགས་ལས་གོང་མར་ཡོང་ནས་ཕ་ཚེ་དཔག་དང་མཉམ་དུ་བསྡད་ཅིང་དེའི་རྗེས་རྔ་བ་ཀིརྟི་དགོན་པའི་སྨོན་ལམ་ཆེན་མོར་མཇལ་དུ་ཡོང་འདུག ཁ་སང་བོད་ཚེས་བཅུ་བཞིའི་ཉིན་ནི་རྔ་བ་ཀིརྟི་དགོན་པའི་སྨོན་ལམ་ཆེན་མོའི་འཆམ་ལ་འཁེལ་ཡོད་པ་དང་སྔ་དྲོ་ཁོང་འཆམ་ལ་མཇལ་དུ་ཡོང་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་རྔ་བ་རྫོང་མཁར་གྱི་གཞུང་ལམ་ཁག་དང་། ལམ་གྱི་བཞི་མདོ་སོགས་སུ་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་མང་པོ་དཀྲམ་ནས་ད་ལྟ་དམ་དྲག་གི་གནས་སུ་ཡོད་པ་རེད་འདུག
ད་བར་ཆོལ་གསུམ་བོད་ཀྱི་ས་ཁུལ་ཁྱོན་ཡོངས་ནས་སྔ་ཕྱིར་བསྡོམས་པས་བོད་མི་༡༢༧གྱིས་རྒྱ་ནག་གཞུང་གི་མཁྲེགས་འཛིན་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། བློ་བཟང་རྡོ་རྗེ་ལགས་ནི་སྤྱི་ལོ༢༠༡༤ལོར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་གཉིས་པ་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ་ཀརྨ་རྒྱ་མཚོ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎