དགའ་ལྡན་ཁྲི་ཐོག་༡༠༣་པ་མཆོག་དགོངས་པ་རྫོགས་འདུག


2017.04.22
དགའ་ལྡན་ཁྲི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགོངས་པ་རྫོགས་ཡོད་པ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༣ པ་རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་གནས་ཚུལ་ཐོན་འདུག
དགའ་ལ྄ྡན་ཁྲི་པ་མཆོག་གི་ངོ་དེབ།

༄༅། །འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༣ པ་རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་གནས་ཚུལ་ཐོན་འདུག
རིན་པོ་ཆེ་མཆོག་ཡུན་རིང་སྙུང་གཞི་བཞེས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Max སྨན་ཁང་ནང་ཁ་སང་ཕྱི་ཟླ་ ༤ ཚེས་ ༢༡ རྒྱ་གར་གྱི་མཚན་མོའི་ཚོུད་ ༡༡ དང་སྐར་མ་ ༤༥ ཐོག་དགོངས་པ་རྫོགས་འདུག
དགའ་ལྡན་ཁྲི་ཐོག་ ༡༠༢ པ་སྐྱབས་རྗེ་རི་རྫོང་རྒྱལ་སྲས་རིན་པོ་ཆེ་མཆོག་དགོང་ཞུ་བཀའ་ཁྲོལ་རྗེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེ་དུས་ཀྱི་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ལ་སྔ་ལོ་ ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་སྩལ་ཕྱག་རྟགས་ཕེབས་ཅིང་། ཕྱི་ཟླ་ ༡༡ ཚེས་ ༥ ཉིན་ཁྲི་གསོལ་ཞུས་ཡོད་པ་རེད།
ཕྱི་ཟླ་ ༣ ཚེས་ ༣༡ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེ་སྨན་བཅོས་གནང་ཡུལ་ལྡི་ལིའི་ Max སྨན་ཁང་དུ་ཆེད་ཕེབས་ཀྱིས། རིན་པོ་ཆེ་མཆོག་ལ་མཇལ་ཁ་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད།
དགའ་ལྡན་ཁྲི་ཐོག་ ༡༠༣ པ་རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༣༧ ལོར་ ཁམས་ཡ་རར་སྐུ་འཁྲུངས་ཞིང་། ས་གནས་དེའི་ནང་གི་ཡ་ར་དགོན་པར་སྐུ་ཆུང་དུས་སྐབས་ཆོས་ཞུགས་གནང་རྗེས། དགུང་ལོ་ ༡༦ ཐོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ཁག་ལ་གསན་བསམ་རྒྱ་ཆེ་གནང་པ་དང་། ཁོང་ནི་དགེ་ལུགས་པའི་ནང་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་རེད།
ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་གཞུང་ཆེན་ཁག་གི་སློབ་གཉེར་མུ་འཐུད་གནང་པར་མ་ཟད། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནང་ཡོད་པའི་བྱེས་ཀྱི་གདན་ས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་བསྐོས་དང་དཔེ་ཁྲིད་དགེ་རྒན་སོགས་ཀྱི་ཐུགས་འགན་བཞེས་འདུག་ལ། དགེ་བཤེས་ལྷ་རམ་པ་དང་སྔགས་རམ་པའི་མཚན་རྟགས་བཞེས་རྗེས། གསང་ཆེན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དང་དེ་རྗེས་ལོ་གསུམ་རིང་རྒྱུད་ཀྱི་མཁན་པོ་ཡང་གནང་ཡོད་པ་རེད།
ཕྱི་ལོ་ ༢༠༠༣ ལོར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཤར་པ་ཆོས་རྗེར་བསྐོ་བཞག་སྩལ་ཡོད་ཅིང་།
དགའ་ལྡན་ཁྲི་པ་ནི་དགེ་ལུགས་ཀྱི་བསྟན་བདག་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་མཆོག་གི་ཁྲི་འཛིན་པ་དེ་ཡིན་ཞིང་། དགའ་ལྡན་ཁྲི་པའི་ལོ་ཡུན་ནི་ལོ་བདུན་ཡིན་པ་རེད། འདས་པའི་དགའ་ལྡན་ཁྲི་པ་རིམ་བྱོན་གྱི་ཁོངས་སུ་༧རྒྱལ་བ་༧སྐུ་ཕྲེང་འགའ་ཤས་ཀྱི་ཡོངས་འཛིན་གནང་མཁན་རིགས་བྱུང་ཡོད་ལ། བོད་ཀྱི་རྒྱལ་ཚབ་གནང་མཁན་ཡང་བྱུང་ཡོད་པ་རེད།
ཕྱག་སྲོལ་ལྟར་ན་དགའ་ལྡན་ཁྲི་ཐོག་ ༡༠༤ པར་ད་ལྟའི་བྱང་རྩེ་ཆོས་རྗེ། སེ་ར་བྱེས་ཀྱི་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ཕེབས་རྒྱུ་ཡིན་པ་རེད།

འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎