སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་ལོ་ ༡༠༠ ལ་ཕེབས་པའི་བརྒྱ་སྟོན་སྲུང་བརྩི་ཞུ་བཞིན་འདུག

སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་ལོ་ ༡༠༠ ལ་ཕེབས་པའི་བརྒྱ་སྟོན་དང་འབྲེལ། ༢༠༢༥ ཕྱི་ཟླ་ ༢ ཚེས་ ༥ ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུར་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ཁྲི་བརྟན་ནོར་བུའི་རྩེའི་གཙུག་ལག་ཁང་གསར་པ་དབུ་འབྱེད་རབ་གནས་དང་། ཚེས་ ༦ ཉིན་སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ལ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ཁྲི་བརྟན་ནོར་བུའི་རྩེ་གཙོས་བླ་བྲང་དང་གྲྭ་མང་། དེ་བཞིན་བོད་མི་དང་། གློ་དང་དོལ་པོ་མང་ཚོགས་སོགས་རིན་པོ་ཆེའི་རྗེས་འཇུག་སློབ་མ་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུས་འདུག


ཕྱི་ཚེས་ ༦ ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ཁྲི་བརྟན་ནོར་བུའི་རྩེ་གཙོས་བླ་བྲང་དང་གྲྭ་མང་། དེ་བཞིན་གློ་དང་། དོལ་པོ་མང་ཚོགས་སོགས་ཡོངས་འཛིན་རིན་པོ་ཆེའི་རྗེས་འཇུག་པ་རྣམས་ནས་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་ཚེ་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་འདུག སྐབས་དེར་དཔོན་གསས་བླ་མའི་རླབས་ཆེའི་མཛད་འཕྲིན་ལ་ཕུལ་བའི་བརྒྱ་སྟོན་གསེར་གྱི་མཎྚལ་དང་། བརྒྱ་སྟོན་ཤིས་རྩོམ་ཕྱོགས་བསྒྲིགས། Celebrating 100 Years of Wisdom: Honoring His Eminence Yongdzin Lopon Tenzin Namdak Rinpoche's 100th Birthday ཞེས་པའི་དཔེ་དེབ་ཁག་ཅིག་ཀྱང་དབུ་འབྱེད་གནང་ཡོད་པ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ནས་མུ་མཐུད་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་བརྒྱ་སྟོན་མཛད་སྒོ་དང་འབྲེལ་ཕྱི་ཚེས་ ༧ དང་། ༨ གཉིས་ལ་རྒྱལ་སྤྱིའི་བོན་རིག་པའི་བགྲོ་གླེང་ཐེངས་དྲུག་པ་བསྐོང་ཚོགས་གནང་བཞིན་འདུག་ཅིང་། བགྲོ་གླེང་ཚོགས་འདུའི་ནང་འཛམ་གླིང་ཡུལ་གྲུ་མང་དག་ཅིག་ནས་གསུང་བཤད་པ་དང་། ཚོགས་བཅར་བ་མཉམ་ཞུགས་ཀྱིས་བོན་དང་འབྲེལ་བའི་བརྗོད་གཞི་ཁག་གི་ཐོག་མཁས་པའི་བགྲོ་གླེང་གནང་རྒྱུ་རེད་འདུག་ལ། ཕྱི་ཚེས་ ༩ ཉིན་དཔལ་ཁྲི་བརྟན་ནོར་བུའི་རྩེའི་དགེ་བཤེས་རྣམས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོག་རྒྱུ་རེད་འདུག

དེ་སྔོན་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༣༠ ཉིན་གྱི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་། དཔོན་སློབ་ཚངས་པ་བསྟན་འཛིན་ལགས། དེ་བཞིན་དགོན་པའི་ལས་སྣེ་ཁག་ཅིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། གཡུང་དྲུང་བོན་གྱི་བསྟན་པའི་མཛེས་རྒྱན་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནས། ༡༩༦༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐོག་མར་མཇལ་བ་ནས་བཟུང་ཁོང་ནས་མགོན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་ཤར་སྐྱོད་ཀྱིས། གཡུང་དྲུང་བོན་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གང་ལེགས་གནང་ཡོད་པ་དང་། ཡོང་རྒྱུའི་ཕྱི་ལོ་ ༢༠༢༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པ་བཞིན། རིན་པོ་ཆེ་ཁོང་ཡང་དགུང་ལོ་ ༡༠༠ ལ་ཕེབས་ཀྱི་ཡོད་པར་བརྟེན། མགོན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་དུ་མཎྜལ་སྐུ་གསུང་ཐུགས་རྟེན་དང་ཐུགས་སྨོན་ཤིས་ཚིག་ཕུལ་བ་དང་ཆབས་གཅིག མགོན་པོ་མཆོག་གི་ཐུགས་སྨོན་སྐྱབས་འཇུག་གནང་སྐྱོང་ཡོང་བ་ཞུ་ཆེད་དུ་བཅར་ཡིན་སྐོར། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
གཞི་རྩའི་སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནི་ཞང་ཞུང་སྒོ་པ་ཁྱུང་ཡུལ་དུ། ༡༩༢༦ ལོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༤༢ ལོར་དགུང་ལོ་བཅུ་བདུན་ལ་ཕེབས་སྐབས་གྲྭ་ས་སྨན་རིར་ཕེབས་ཏེ་རྒྱལ་ཚབ་ཚག་དཔེ་དགེ་སློང་དང་། དགེ་རྒན་བསོད་ནམས་རིན་ཆེན་སོགས་ཀྱི་དྲུང་ནས་སྡོམ་པ་བཞེས། ཕྱི་ལོ་ ༡༩༥༩ ལོར་བོད་ནང་དུས་འགྱུར་གྱི་སྐབས་ཐོག་མར་རྒྱ་གར་དུ་བྱོན་ཏེ་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐད་མཛད་རྗེས་རླབས་ཆེ་བསྐྱངས་ཤིང་། ལྷག་པར་བལ་ཡུལ་དུ་ཁྲི་བརྟན་ནོར་བུའི་རྩེ་དགོན་པ་གསར་བཞེངས་དང་མཁས་པ་དང་བླ་སྤྲུལ་དགེ་བཤེས་སོགས་ལ་དབང་ལུང་མན་ངག་ཆག་མེད་སྩལ། དེ་སྔོན་ཕྱི་ལོ་ ༢༠༢༡ ཟླ་ ༧ པའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ནི་བསམ་པ་རྣམ་དག་གིས་སྤྱི་སྒོས་ཀྱི་བསྟན་པ་ལ་རྩེ་གཅིག་ཏུ་ཞབས་འདེགས་སྒྲུབ་མཁན་ཞིག་དང་། བྱེ་བྲག་ཏུ་བོན་གྱི་བསྟན་པར་ཐུགས་ཁུར་ཧ་ཅང་ཆེན་པོ་བཞེས་མཁན་ཞིག་ཡིན་ཞེས་བསྔགས་བརྗོད་མཛད་ཡོད་པ་རེད། །
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།