བོད་ནང་འཛམ་གླིང་ཞི་བདེའི་ཆེད་ཞབས་རིམ།
2013.01.01
༄༅། །དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་ཕྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་གྱི་སྐྱེ་རྒུ་མདོའི་ནང་རྟེན་གཞི་བྱེད་པའི་ལོ་ངོ་ཉིས་སྟོང་ལྷག་ཙམ་ཕྱིན་པའི་ས་སྐྱའི་བྱེ་རྒྱུས་དགོན་ཆེན་ནང་། ཕྱོགས་མཐའ་ཁག་ནས་དགོན་པ་བདུན་བཅུ་དོན་བཞི་ཙམ་ནས་ཕེབས་པའི་དགེ་འདུན་པ་ལྔ་སྟོང་ཙམ་ནས་ཉིན་གྲངས་དྲུག་རིང་ཞབས་རིམ་གྲུབ་གནང་ཡོད་འདུག ཞབས་རིམ་གནང་ཡུལ་ནི་དེ་སྔ་ཕྱི་ལོ་ ༢༠༡༠ ལོར་ཁུལ་དེར་ས་ཡོམ་གྱི་གོད་ཆགས་ཆེན་པོ་ཕོག་པའི་རྗེས་སུ་དགོན་པའི་འདུ་ཁང་གསར་པ་རྒྱབ་ཡོད་པ་དེ་དག་གསར་བསྐྲུན་ཞུས་པ་དེའི་ནང་ཚོགས་ཡོད་འདུག དེ་ཡང་དགོན་ཆེན་དེའི་མཁན་པོ་ངག་མགོར་ཞུ་བས། ད་རེས་ཞབས་རིམ་གྲུབ་དགོས་དོན་ནི། འཛམ་གླིང་སྤྱིར་ཞི་བདེ་ཡོང་བ་དང་། ལྷག་པར་རྒྱལ་ཁབ་དང་མི་མང་གི་བདེ་སྐྱིད་དང་། གཟུགས་གཞི་བདེ་ཐང་ཡོང་བའི་སྨོན་འདུན་ཚུལ་དུ་ཞུས་པ་ཞིག་ཡིན་ལུགས་གསུངས་འདུག ཡང་གོང་ཞུས་གནས་ཚུལ་མུ་མཐུད་ནས་འགྲེལ་བརྗོད་བྱེད་པར་ལྟར་ན། གོང་དུ་ཞུས་པའི་དགོན་ཆེན་དེ་ནི་ས་སྐྱའི་ཆོས་བརྒྱུད་ཀྱི་དགོན་ཆེན་རྙིང་ཤོས་གྲས་ཤིག་ཡིན་འདུག་ལ་འདས་པའི་ལོ་ངོ་བཅུ་བཞིའི་རིང་དགོན་ཆེན་དེའི་ནང་ལོ་ལྟར་ཞབས་རིམ་གྲུབ་སྲོལ་ཡོད་པ་ཞིག་ཀྱང་ཡིན་ལུགས་བཀོད་འདུག །