རྒྱ་གར་གྱི་སྲིད་འཛིན་ཟུར་པ་པར་ནབ་མུ་ཁར་ཇིས་མཆོག་སྐུ་ཚེ་མ་ཟིན་པར་༧གོང་ས་མཆོག་གིས་ཐུགས་གསོ་མཛད།
2020.09.01

བོད་ཀྱི་བླ་ན་མེ་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༡ ཉིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པར་ནབ་མུ་ཁར་ཇིས་(Pranab Mukherjee)་མཆོག་ཕྱི་ཟླ་༨་ཚེས་༣༡་ཉིན་སྐུ་ཚེ་མ་ཟིན་པའི་ཐད། ཁོང་གི་སྲས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་སྦི་རྗིཊ་མུ་ཁར་ཇིས་ལགས་ཀྱི་མཚན་ཐོག་ནང་མི་ཚོར་ཐུགས་གསོའི་བཀའ་ཡིག་སྩལ་ཡོད་ཅིང་། ཐུགས་གསོའི་བཀའ་ཡིག་དེའི་ནང་། སྲིད་འཛིན་དམ་པ་ཁོང་གིས་རྒྱ་གར་གྱི་སྲིད་འཛིན་གྱི་ཐུགས་འགན་བཞེས་བཞིན་པའི་སྐབས་༢༠༡༦ ལོར་༧གོང་ས་མཆོག་དང་མཇལ་འཕྲད་གནང་མྱོང་ཡོད་པ་དང་། སྲིད་འཛིན་དམ་པ་ཁོང་གི་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གྱི་ཐུགས་འགན་བཞེས་པའི་སྐབས་རླབས་ཆེན་གྱི་ཞབས་འདེགས་བསྒྲུབ་ཡོད་པ་སོགས། མདོ་དོན་དགུང་གྲངས་༨༤་བར་བཞུགས་པ་དེ་སྐུ་ཚེ་དོན་དང་ལྡན་པ་ཞིག་བྱུང་ཡོད་པ་འཁོད་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།
དེ་བཞིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཀྱང་ཁོང་གི་སྲས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་སྦི་རྗིཊ་མུ་ཁར་ཇིས་ལགས་སུ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་གསོ་ཕྱག་ཡིག་ཕུལ་ཡོད་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ངོ་སྤྲོད་གནང་ཡོད།
ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཁོང་སྐུ་ཚེ་མ་ཟིན་པར་བློ་ཕམ་བྱུང་། ངས་བོད་མི་ཡོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དང་། མི་དམངས། དེ་བཞིན་དམ་པ་ཁོང་གི་ནང་མི་བཅས་ལ་སྙིང་ཐག་པ་ནས་ཐུགས་གསོ་ཞུ་རྒྱུ་ཡིན་ཅེས་ཐུགས་གསོའི་ཕྱག་ཡིག་ཕུལ་འདུག
རྒྱ་གར་གྱི་སྲིད་འཛིན་ཟུར་པ་དམ་པ་ཁོང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐད། བོད་མིའི་སྒྲིག་འཛུགས་ཀྱིས་ཚེས་༡་ཉིན་གྱི་ཉིན་རྒྱབ་ལས་ཁུངས་སོ་སོའི་ནང་སྨོན་ལམ་གསུངས་འདོན་གནང་རྒྱུ་དང་། དེའི་རྗེས་གཞུང་འབྲེལ་མྱ་ངན་གུས་འདུད་མཚོན་སླད་ལས་ཁུངས་ཁག་ལས་མཚམས་འཇོག་གནང་རྒྱུ་ཡིན་འདུག
ཕྱོགས་མཚུངས་རྒྱ་གར་གྱི་སྲིད་འཛིན་ལས་ཐོག་(Ram Nath Kovind)་མཆོག་དང་། སྲིད་བློན་ན་རན་དྷ་ར་མོ་དྷིས། ནང་སྲིད་དང་བདེ་སྲུང་བློན་ཆེན་བཅས་ཀྱི་གཙོས་གནད་ཡོད་དཔོན་རིགས་ཚང་མས་ཐུགས་གསོ་དང་དྲན་གསོ་ཞུས་ཡོད་པ་དང་། སྲིད་འཛིན་ཟུར་པ་(Pranab Mukherjee)་དམ་པ་དེར། དེ་སྔ་ཕྱི་ལོ་༢༠༠༨་ཕྱག་ལས་གནང་བའི་མཛད་རྗེས་ལ་རྒྱལ་ཁབ་ཀྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་གཉིས་པ་(Padma Vibhushan)་དང་། སྔ་ལོ་ཕྱི་ལོ་༢༠༡༩་ལོར་གཟེངས་རྟགས་མཐོ་ཤོས་(Bharat Ratna)་འབུལ་བཞེས་གནང་ཡོད་པ་རེད།།