ཐེ་ཝན་གྱི་འོས་འགན་དམག་ཞབས་ཀྱི་དུས་ཡུན་ཇེ་རིང་ལ་བཏང་བ།

2022.12.28
ཐེ་ཝན་གྱི་འོས་འགན་དམག་ཞབས་ཀྱི་དུས་ཡུན་ཇེ་རིང་ལ་བཏང་བ།
ཨེ་པི།

ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝེན་ལགས་ཀྱིས་ཟླ ༡༢ པའི་ཚེས ༢༧ ཉིན་གསལ་བསྒྲགས་ཤིག་སྤེལ་ནས། རྒྱ་ནག་པེ་ཅིང་གི་འཇིགས་སྐུལ་རིགས་ཇེ་ཆེ་ནས་ཇེ་ཆེ་ཡིན་སྟབས། ཐེ་ཝན་གྱི་འོས་འགན་དམག་ཞབས་གྱི་དུས་ཡུན་དེ་ཟླ་བཞི་ནས་ལོ་གཅིག་ལ་སྤར་རྒྱུ་དང་། ཆབས་ཅིག་ཏུ་ལྕམ་ཚེ་དབྱིན་ཝིན་ལགས་ཀྱིས་ཐེ་ཝན་སྟོབས་ཆེན་པོ་ཆགས་ན་འཛམ་གླིང་གི་རང་དབང་དམངས་གཙོའི་ཞིང་ས་ཡིན་པ་ལས། གཡུལ་ས་རུ་གྱུར་མི་སྲིད་ཅེས་གསུངས་ཡོད་པ་རོ་ཡེ་ཊིར་གསར་ལས་ཁང་གིས་གནས་ཚུལ་ནང་བཀོད་འདུག 
AFP གསར་ལས་ཁང་གིས་གནས་ཚུལ་ནང་། ལྕམ་ཝེ་དབྱིང་ཝེན་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྐབས། ད་ལྟའི་ཟླ་བཞིའི་འོས་འགན་དམག་ཞབས་དུས་ཡུན་གྱིས་དུས་ནས་དུས་སུ་འགྱུར་བ་ཐེབས་བཞིན་པའི་རྣམ་པར་གདོང་ལེན་བྱེད་ཐབས་མེད་དུས། ང་ཚོས ༢༠༢༤ ལོ་ནས་བཟུང་འོས་འགན་དམག་ཞབས་ཀྱི་དུས་ཡུན་དེ་ལོ་གཅིག་ལ་སྤར་རྒྱུ་ཡིན། བཅོས་སྒྱུར་དེ ༢༠༢༥ ལོའི་རྗེས་སུ་སྐྱེས་པ་ཚང་མར་ཁྱབ་ཀྱིན་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད། 
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝིན་པིང་གིས་ཐེ་ཝན་མི་མང་ཐེ་ཝན་ཁ་བྲལ་རིང་ལུགས་པའི་མདོས་གླུད་བྱེད་འདོད་མེད་ཅེས་འཆར་ཅན་གསར་འགོད་ལྷན་ཚོགས་སྐབས་བཤད་འདུག 
མི་འབོར་བྱེ་བ་གཉིས་དང་ས་ཡ་བཞི་ཡོད་པའི་དམངས་གཙོའི་ལམ་ལུགས་ཡིན་པའི་ཐེ་ཝན་གླིང་ཕྲན་ལ་རྒྱ་ནག་པེ་ཅིང་གཞུང་གི་འཇིགས་སྐུལ་བྱས་དང་བྱེད་བཞིན་ཡོད་ལ། པེ་ཅིང་གཞུང་གི་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་སུ་འདོད་པ་མ་ཟད། ནམ་ཞིག་གི་ཉིན་མོར་གཅིག་གྱུར་བྱེད་རྒྱུ་དང་། དགོས་དབང་ལ་ཐུག་ན་དྲག་ཤུགས་ཀྱི་ལམ་ནས་ལེན་ངེས་ཡིན་ཞེས་ཐ་ཚིག་བསྒྲགས་ཡོད་ཚུལ AFP གསར་ལས་ཁང་གིས་གནས་ཚུལ་ནང་བཀོད་འདུག
ད་ལོའི་ཟླ ༡༠ པར་ཞི་ཅིན་ཕིང་གིས་འགོ་ཁྲིད་ཀྱི་ལས་ཡུན་གསུམ་པར་སྤར་རྗེས། ཐེ་ཝན་གཅིག་གྱུར་གྱི་ལས་དོན་དེ་བུ་རབས་ཚ་རྒྱུད་དུ་འགྱངས་མི་སྲིད་ཅེས་བཤད་ཡོད་པ་དང་། ༡༩༤༩ ལོའི་ལོའི་རྗེས། རྒྱ་ནག་སྐམ་ས་དང་ཐེ་ཝན་གླིང་ཕྲན་གཉིས་ཁ་བྲལ་ཡོད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎