ར་ཤི་ཡ་དང་རྒྱ་ནག་ཏུ་འཚམས་གཟིགས།
2013.10.20

༄༅༎ར་ཤི་ཡ་དང་རྒྱ་ནག་རྒྱལ་ཁབ་གཉིས་སུ་རྒྱལ་དོན་མཚམས་གཟིགས་གནང་ཆེད། འདི་ཚེས་ ༢༠ ཉིན་རྒྱ་གར་གྱི་སྲིད་བློན་ Manmohan Singh མཆོག་རྒྱལ་ས་ལྡི་ལི་ནས་ཕྱིར་ཐོན་གནང་འདུག དེ་ཡང་གནས་ཚུལ་ནང་འཁོད་གསལ་ལ་གཞིགས་ན། རྒྱ་གར་གྱི་སྲིད་བློན་ Manmohan Singh ནས་ཟླ་བ་འདིའི་ཚེས་ ༢༠ ནས་ ༢༢ བར་ཉིན་གྲངས་གཉིས་རིང་ར་ཤི་ཡའི་ནང་རྒྱལ་དོན་འཚམས་གཟིགས་གནང་རྒྱུ་ཡིན་པ་དང༌། སྐབས་དེར་ཁོང་གིས་ར་ཤི་ཡའི་སྲིད་འཛིན་ Vladimir Putin ལྷན་དུ་མཇལ་འཕྲད་ཀྱིས་ཡུལ་གཉིས་དབར་གྱི་ཚོང་དོན་དང་དྲག་པོའི་འབྲེལ་ལམ་སྤྱི་དང༌། ལྷག་པར་དུ་རྒྱ་གར་ལྷོ་ཕྱོགས་ Tamil Nadu མངའ་སྡེའི་ནང་རྟེན་གཞི་བྱས་པའི་ Kudankulam རྡུལ་ཕྲན་བཟོ་གྲྭའི་ནང་རྡུལ་ཕྲན་ནུས་ཤུགས་ལ་རྟེན་ནས་གློག་ཤུགས་མཁོ་འདོན་བྱ་རྒྱུར་དགོས་མཁོ་ཆེ་བའི་འཕྲུལ་རིགས་ཁག་ཅིག་ར་ཤི་ཡ་ནས་རྒྱ་གར་ལ་ཚོང་འགྲེམས་ཡོང་ཐབས་བཅས་པའི་སྐོར་གྲོས་མོལ་གནང་འཆར་ཡོད་པ་དང༌། དེ་ནས་ར་ཤི་ཡའི་ནང་ཉིན་གྲངས་གཉིས་ཀྱི་རྒྱལ་དོན་འཚམས་གཟིགས་གྲུབ་པའི་རྗེས། སྲིད་བློན་Manmohan Singh རྒྱ་ནག་ཏུ་ཆེད་ཕེབས་ཀྱིས། ཡུལ་དེའི་སྲིད་བློན་ Li Keqiang གྱི་ལྷན་དུ་མཇལ་འཕྲད་གྲོས་མོལ་གནང་རྒྱུའི་གནད་དོན་གཙོ་བོའི་གྲས་སུ།ཡུལ་གྲུ་ཕན་ཚུན་དབར་རྒྱུག་བཞིན་པའི་གཙང་པོའི་ཆུ་བེད་སྤྱོད་བྱ་ཕྱོགས་དང༌།རྒྱལ་ཁབ་གཉིས་དབར་ཚོང་གི་འགྲོ་རྒྱུགས་ཁ་མི་ཟླུམ་པའི་བར་ཁྱད་ཀྱི་དཀའ་ངལ་སེལ་ཕྱོགས།དེ་བཞིན་ཡུལ་གྲུ་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་འཕྲད་བཞིན་པ་བཅས་པའི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག།