བོད་ཕྲུག་རྣམས་གཏན་སྡོད་སློབ་གྲྭར་བཅུག་ཡོད་པ་དག་ཕྱིར་བསྡུ་བྱ་དགོས་པའི་དགོས་འདུན།
རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་གཏན་སྡོད་སློབ་གྲྭར་བཅུག་ཡོད་པ་དག་ཕྱིར་བསྡུ་བྱ་དགོས་ཞེས་རྒྱལ་ཚོགས་སུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་བསྐྱར་ཞིབ་ཐེངས་ ༤ པ་གནང་སྐབས་རྒྱལ་ཁབ་མང་པོས་དགོས་འདུན་བཏོན་འདུག
ཕྱི་ཟླ་ ༡ ཚེས་ ༢༣ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༦༠ ཙམ་གྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པའི་ཐོག་གླེང་སློང་གནང་ཡོད་པ་དང་། རྒྱབ་གཉེར་དོན་ཚན་ ༤༢༨ བཏོན་ཡོད་ལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གླེང་སློང་བྱེད་མཁན་རྒྱལ་ཁབ་ ༢༡ དང་རྒྱབ་གཉེར་དོན་ཚན་ ༢༥ བཅས་བྱུང་ཡོད་པ་རེད།
འདི་ནི་རྒྱ་ནག་ཐད་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་སྟེ། ཕྱི་ལོ་ ༢༠༡༨ ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་བསྐྱར་ཞིབ་བྱས་པའི་སྐབས་དང་བསྡུར་ན་བོད་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཀྱི་གྲངས་འབོར་དང་རྒྱབ་གཉེར་བྱས་པའི་གྲངས་འབོར་ལྡབ་གཅིག་ལྷག་ཇེ་མང་དུ་ཕྱིན་འདུག
ལྷན་ཚོགས་དེའི་ཐོག་ཏུ་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་རྒྱལ་ཁབ་དེའི་མངའ་ཁོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་འདེད་ཀྱི་བསམ་འཆར་རིགས་བཏོན་ཡོད་པ་དང་། འཛམ་གླིང་གི་སྟོབས་ཅན་རྒྱལ་ཁབ་དག་གཙོ་བོར་གྱུར་བའི་རྒྱལ་ཚོགས་ཀྱི་་ཚོགས་མི་རྒྱལ་ཁབ་ཨ་རི་དང་ཁེ་ན་ཌ། སུཝི་ཛར་ལེནཌི། ཨའོསི་ཊརེ་ལི་ཡ། སུཝི་ཌེན། ཉི་ཧོང་། ཕ་རན་སི། འཇར་མན་ནི། ཌན་མརཀི། ནེ་དྷར་ལནཌི། ནོར་ཝེ། ཅེག་སྤྱི་མཐུན་རྒྱལ་ཁབ། པོ་ལེནཌི། དབྱིན་ཡུལ་བཅས་ ༢༠ ལྷག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྣ་མང་ཐེར་འདོན་གྱིས་དགོས་འདུན་བཏོན་ཡོད་པ་དང་། ལྷག་པར་དུ་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་གཞུང་གིས་བོད་ནང་བོད་ཕྲུག་རྣམས་གཏན་སྡོད་སློབ་གྲྭར་བཅུག་ཡོད་པའི་གནད་དོན་སྐོར་ཐེར་འདོན་བྱས་ཡོད་པ་རེད།
རྒྱལ་ཚོགས་ཀྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་བསྐྱར་ཞིབ་སྐབས་སུ་ཁེ་ན་ཌའི་སྐུ་ཚབ་ཀྱིས་བསམ་འཆར་དགོས་འདུན་འདོན་སྐབས། བཙན་དབང་གིས་བོད་མི་དང་ཡུ་གུར་བཅས་མི་རིགས་དག་བཀག་ཉར་དང་ངལ་རྩོལ་དུ་བཀོལ་བ།ངེས་པར་དུ་གཏན་སྡོད་སློབ་གྲྭར་འགྲོ་དགོས་པ་བཅས་ཕྱིར་བསྡུ་བྱ་དགོས་པའི་དགོས་འདུན་བཏོན་འདུག —
ཡང་སུཝི་ཛར་ལེནཌི་གྱི་སྐུ་ཚབ་ཀྱིས་གསུང་དོན། བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱ་དགོས་པ་དང་། བཙན་ཤེད་ཅན་གྱི་སློབ་གསོའི་སྒྲོམ་གཞིར་བཅོས་བསྒྱུར་བྱ་དགོས་ཤིང་། སྒེར་གཉེར་སློབ་གྲྭ་དག་སྒོ་འབྱེད་འཇུག་དགོས་ཞེས་སོཊ་སྐུལ་འདེད་བྱས་འདུག
ཡང་ཨ་མི་རི་ཀའི་སྐུ་ཚབ་ཀྱིས་ཀྱང་བཙན་དབང་གི་སྒོ་ནས་བོད་དང་ཤིན་ཅང་ནང་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་ཁྲོད་གཏན་སྡོད་སློབ་གྲྭ་ཚུད་ཡོད་སྐོར་གསུང་ཡོད་པ་རེད།
ཡང་ཨའོསི་ཊརེ་ལི་ཡའི་སྐུ་ཚབ་ཀྱིས་ཀྱང་དེ་མཚུངས་ཀྱི་དགོས་འདུན་བསམ་འཆར་བཏོན་ཡོད་པ་རེད།
གཞན་ཡང་ཌན་མརཀི་ཡི་གཞུང་ཚབ་ཀྱིས་ཀྱང་བོད་ཕྲུག་རྣམས་གཏན་སྡོད་སློབ་གྲྭར་བཅུག་ཡོད་པ་འཕྲལ་ཏུ་མཚམས་འཇོགས་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
ཡིན་ནའང་རྒྱལ་ཚོགས་ཀྱི་ལྷན་ཚོགས་དེའི་ཐོག་ཏུ་རྒྱ་ནག་གཞུང་གི་འཐུས་ཚབ་ཚོས་ནམ་རྒྱུན་བཞིན་གོང་ཞུའི་རྒྱལ་ཁབ་དེ་དག་གིས་དངོས་ཡོད་གནས་ཚུལ་མིན་པའི་སྐྱོན་འཛུགས་བྱེད་ཀྱིན་ཡོད་ལུགས་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་གིས་གཏན་སྡོད་སློབ་གྲྭའི་གནད་དོན་ཐད་ལན་འདེབས་གསལ་བཤད་བྱེད་མཁན་ཆེད་བསྐོས་འཐུས་ཚབ་བུད་མེད་ཅིག་གིས། བོད་ནང་དུ་བོད་ཕྲུག་རྣམས་ལམ་ཐག་རིང་བོར་འགྲོ་དགོས་པའི་དཀའ་ངལ་སེལ་ཆེད་དང་ཤེས་ཡོན་སློབ་གསོ་ཡར་རྒྱས་ཆེད་གཏན་སྡོད་སློབ་གྲྭ་དག་བཙུགས་ཡོད་སྐོར་གསལ་བཤད་བྱས་ཡོད་པ་རེད།
བོད་ནང་དུ་སྔོན་མ་ནས་དམའ་འབྲིང་དང་མཐོ་འབྲིང་ཞེས་འཛིན་གྲྭ་ ༧ ནས་ ༡༢ བར་གྱི་སློབ་མ་མང་ཆེ་བ་གཏན་སྡོད་སློབ་གྲྭར་འགྲོ་དགོས་ཡོད་ཀྱང་། གྲོང་སྡེ་ཁག་ཏུ་སྡེ་པ་རེ་རེའི་ནང་འཛིན་རིམ་ ༡ ནས་ ༦ བར་གྱི་སློབ་ཆུང་ཞེས་འབོད་པའི་སློབ་གྲྭ་དག་ཡོད་མོད། འོན་ཀྱང་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་ཕྱོགས་ནས་བོད་མདོ་སྨད་རེབ་གོང་ས་ཁུལ་གྱི་གྲོང་སྡེ་ཁག་གི་སློབ་ཆུང་མང་པོ་ཞིག་བཙན་ཤེད་སྒོ་ནས་སྒོ་རྒྱབ་ཏེ་བོད་ཕྲུག་རྣམས་གཏན་སྡོད་སློབ་གྲྭ་ཁག་ཏུ་བཅུག་ཡོད་ཅིང་། ད་དུང་མུ་མཐུད་ནས་གཏན་སྡོད་སློབ་གྲྭ་དེ་རིགས་གསར་རྒྱག་བྱས་ཏེ་བོད་ཕྲུག་རྣམས་སློབ་ཆུང་དག་རིམ་པ་བཞིན་དུ་སྒོ་རྒྱག་བཞིན་ཡོད་པ་མ་ཟད། བསླབ་བྱ་ཁག་བོད་ཡིག་གིས་སློབ་ཁྲིད་བྱེད་པ་དེ་དག་ཀྱང་རྒྱ་ཡིག་གི་སློབ་དེབ་དུ་བསྒྱུར་ཡོད་འདུག
ཕྱི་ལོ་ ༢༠༢༠ སྟོན་ཀར་གློ་བུར་དུ་བོད་མདོ་སྨད་རེབ་གོང་ས་ཁུལ་དུ་སློབ་དུས་གསར་པ་འགོ་འཛུགས་བྱེད་སྐབས་གཞུང་ཕྱོགས་ནས་མང་ཚོགས་ལ་འདོད་མོས་མེད་བཞིན་དུ་བཙན་ཤེད་ཀྱི་སྒོ་ནས་བོད་ཀྱི་གྲོང་སྡེ་ཁག་ནང་སྔོན་མ་ནས་ཡོད་པའི་སློབ་ཆུང་མང་པོ་ཞིག་སྒོ་རྒྱབ་ཡོད་པ་དང་། སྐབས་དེར་ས་གནས་བོད་མི་འགས་སྡེ་བའི་ནང་གི་སློབ་གྲྭ་མེད་པར་བཟོས་སོང་ཞེས་གསུང་ཡོད།
སྐབས་དེར་རེབ་གོང་ས་གནས་ཀྱི་བོད་མི་ཁག་ཅིག་གིས་འགྲེལ་བརྗོད་བྱས་དོན་ལྟར་ན། རྒྱ་ནག་གཞུང་ཕྱོགས་ནས་གྲོང་སྡེ་སོ་སོའི་སློབ་གྲྭ་སྒོ་རྒྱབ་ནས་བོད་ཕྲུག་རྣམས་གཏན་སྡོད་སློབ་གྲྭར་གཏོང་དགོས་པའི་བཙན་བཀའ་བཏང་བར་མང་ཚོཊ་ཀྱིས་གྲོང་སྡེ་སོ་སོའི་ནང་སློབ་གྲྭ་ཡོད་བཞིན་དུ་བྱིས་པ་རང་འགོ་མི་ཐོན་མཁན་ལོ་ན་དྲུག་བདུན་ཅན་རྣམས་གློ་བུར་དུ་ཕ་མ་དང་ཁ་བྲལ་བཏང་སྟེ་གཏན་སྡོད་སློབ་གྲྭར་བསྐྱལ་འདོད་མེད་སྟབས། ཁུལ་དང་རྫོང་གི་འབྲེལ་ཡོད་ལས་ཁུངས་སོ་སོར་རེ་སྐུལ་ཞུས་ཀྱང་ཕན་ཐོགས་མ་བྱུང་པར། ལས་ཁུངས་དེ་དག་གིས་དེ་ནི་ལྡོག་ཐབས་མེད་པའི་གོང་རིམ་གྱི་བཀའ་ཡིན་ལུགས་བཤད་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།
ཡང་སྐབས་དེར་ས་གནས་ཀྱི་དགེ་རྒན་ཟུར་པ་ཞིག་གིས་གཏན་སྡོད་སློབ་གྲྭའི་ལམ་ལུགས་དེ་ནི་བཙན་པོའི་ཐོག་ནས་ལག་བསྟར་བྱེད་བཞིན་ཡོད་སྐོར་དང་དེ་ནི་གཙོ་བོ་མི་རིགས་རྒྱ་བསྒྱུར་གྱི་དམིགས་ཡུལ་ཡིན་པ་འདྲ་ཞེས་སོཊ་སྐབས་དེར་གསུང་མཁན་བྱུང་ཡོད།
སྐབས་དེ་དུས་འབྲེལ་ཡོད་ལས་བྱེད་རྣམས་གྲོང་སྡེ་ཁག་ཏུ་སླེབས་ནས་གོང་རིམ་གྱི་བཀའ་མི་བརྩི་མཁན་ཡོད་ན་ཁྲིམས་ཆད་གཅོད་ངེས་ཡིན་ལུགས་ཞེད་སྣང་སྐུལ་ཡོད་པ་ས་གནས་བོད་མི་ཞིག་གིས་འགྲེལ་བརྗོད་བྱས་ཡོད།
ད་དུང་འབྲེལ་ཡོད་ལས་བྱེད་ཚོས་གྲོང་སྡེའི་ནང་གཞུང་གི་རོགས་སྐྱོར་ཐོབ་མཁན་དེ་ཚོས་སྣེ་ཁྲིད་དེ་རང་རང་གི་བུ་ཕྲུག་གཏན་སྡོད་སློབ་གྲྭར་མ་བསྐྱལ་བ་ཡིན་ན་དབུལ་སྐྱོར་མཚམས་འཇོག་རྒྱུ་ཡིན་ཞེས་ཉེན་བརྡ་ཡང་བཏང་ཡོད་འདུག
དེ་ལྟར་འཇིགས་སྣང་སྐུལ་ཡོད་ནའང་གྲོང་སྡེ་འགས་བུ་ཕྲུག་རྣམས་གཏན་སྡོད་སློབ་གྲྭར་གཏོང་རྒྱུར་ངོས་ལེན་མ་བྱས་པར་ཨུ་ཚུགས་རྒྱབ་ཡོད་ཀྱང་། མཐར་ཉེན་རྟོག་རླངས་འཁོར་མང་པོས་ཛ་དྲག་ཉེན་བརྡའི་འུར་སྒྲའི་ཁེངས་བཅུག་སྟེ་གྲོང་སྡེའི་ནང་སླེབས་ནས་བོད་མི་རེ་ཟུང་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ གཞུང་གི་བཀའ་མི་བརྩི་མཁན་ཚོར་འཛིན་བཟུང་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག
ཡིན་ནའང་རྒྱལ་ཚོགས་ཀྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་བསྐྱར་ཞིབ་ཀྱི་ལྷན་ཚོགས་ཐོག་རྒྱ་ནག་གི་འཐུས་མིས་གཏན་སྡོད་སློབ་གྲྭར་གཏོང་མིན་རང་དབང་ཡིན་པ་ལས་བཙན་ཤེད་ཅན་གྱི་ལམ་ལུགས་ཤིག་མིན་ལུགས་བཤད་ཡོད་པ་རེད།
རེབ་གོང་རྒྱ་བོ་ས་ཁུལ་གྱི་སློབ་ཆུང་དག་ཀྱང་སྒོ་རྒྱབ་ནས་བོད་ཕྲུག་རྣམས་གཏན་སྡོད་སློབ་གྲྭར་བཅུག་ཡོད་པ་དང་། ས་གནས་དེ་ནས་འཚར་ལོངས་བྱུང་བ་དང་ད་ལྟ་ཨ་རིའི་ནང་ཡོད་པའི་འབྲུག་བྱམས་ལགས་ཀྱིས་རྒྱ་ནག་གི་འཐུས་ཚབ་ཀྱིས་བཤད་པའི་སྐད་ཆ་དེ་དག་རྫུན་གཏམ་ཡིན་སྐོར་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གང་ལྟར་བོད་མི་རྣམས་ལ་འདམ་ཀ་གང་ཡང་མེད་པར་རེབ་གོང་གི་སྡེ་བ་མང་པོ་ཞིག་གི་ནང་དུ་སྐབས་དེར་སློབ་ཆུང་དག་སྒོ་རྒྱབ་ཏེ་བོད་ཕྲུག་རྣམས་གཏན་སྡོད་སློབ་གྲྭ་ཁག་ཏུ་གཏོང་དགོས་བྱུང་བ་མ་ཟད། ༢༠༢༣ ལོར་མུ་མཐུད་ནས་རེབ་གོང་ཀྱང་རྐྱ་སྡེ་བ་སོཊ་ཀྱི་སློབ་ཆུང་གི་སློབ་མ་རྣམས་གཏན་སྡོད་སློབ་གྲྭར་གཏོང་དགོས་བྱུང་ཡོད་འདུག
ཡང་འབྲུག་བྱམས་ལགས་ཀྱིས། བོད་ཕྲུག་རྣམས་གཏན་སྡོད་སློབ་གྲྭར་བཅུག་པ་དེས་བོད་མི་རིགས་ཀྱི་སྲོལ་རྒྱུན་དག་དང་ཁ་བྲལ་ཡོད་སྟབས་བོད་ཕྲུག་ཚོའི་སེམས་རྒྱུད་དུ་མི་རིགས་ཀྱི་འདུ་ཤེས་ཉམས་ཆག་དང་བོད་མིའི་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པར་ངོས་འཛིན་གནང་གི་འདུག
ཡང་དེ་སྔ་རྒྱ་ནག་ནང་སྤྱི་མང་གི་ཐོབ་ཐང་ཁྲིམས་རྩོད་པ་གནང་མྱོང་མཁན་ད་ལྟ་ཨ་རིའི་ནང་ཡོད་པའི་རྒྱ་ནག་སྲིད་ཁྲིམས་དབྱེ་ཞིབ་པ་ཐཱིན་པེའོ་ལགས་ཀྱིས་ གཏན་སྡོད་སློབ་གྲྭའི་ལམ་ལུགས་དེ་ནི་རྒྱ་ནག་གཞུང་གིས་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཤིག་ཡིན་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།
རྒྱ་ནག་གཞུང་གིས་དོན་དངོས་སུ་འཆར་གཞི་ལྡན་པའི་ཐོག་ནས་རིག་གཞུང་རྩ་མེད་གཏོང་བའི་ཐབས་ཇུས་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། དེ་ནི་སློབ་གྲྭ་སྒོ་རྒྱག་པ་དང་སྐད་གཉིས་སློབ་གསོ་མེད་པར་གཏོང་བ་ཙམ་མིན་པར་བོད་དང་སོག་པོ། ཡུ་གུར་ལ་སོཊ་གྲངས་ཉུང་མི་རིགས་དག་གི་ངོ་བོ་མཚོན་པའི་རིག་གཞུང་དང་སྲོལ་རྒྱུན་མེད་པར་གཏོང་ཐབས་ཤིག་ཏུ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། སྐད་ཡིག་དང་རིག་གཞུང་། སྲོལ་རྒྱུན་བཅས་ནི་མི་རིགས་ངོས་འཛིན་གྱི་གཞི་རྩ་དེ་ཡིན་པས། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་མི་རིགས་རྩ་མེད་བཟོ་ཐབས་བྱེད་ཀྱིན་ཡོད་སྐོར་དང་ཡང་རྒྱ་ནག་གཞུང་གི་བྱེད་ཐབས་དེ་རིགས་ཀྱིས་རྒྱ་ནག་རང་ཉིད་ཀྱི་ཁྲིམས་ལུགས་ཁག་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བཅས་དང་རྒྱབ་འགལ་བྱས་ཡོད་ཅེས་ཐེར་འདོན་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།