ཚེ་རིང་རྒྱལ་ལགས་ལམ་བར་ནས་སྐུ་གྲོངས་འདུག


2013.11.12
མདོ་སྨད་མཚོ་སྔོན་མགོ་ལོག་ཁུལ་པདྨ་མ་རྫོང་ཨ་སྐྱོང་དགོན་པའི་གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་པདྨ་རྫོང་ཐོག་ཏུ་རྒྱ་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་བཏང་འདུག
བོད་ནས་བཏང་འབྱོར།

ཨ་མདོ་མགོ་ལོག་པདྨ་རྫོང་ནས་བོད་དོན་ཆེད་རང་ལུས་མེར་བསྲེཊ་གནང་མཁན་ཚེ་རིང་རྒྱལ་ལགས་ཟི་ལིང་སྨན་ཁང་ལ་ཁྱེར་བའི་ལམ་བར་དུ་སྐུ་གྲོངས་འདུག

ཚེས་༡༡་ཉིན་མགོ་ལོག་པདྨ་རྫོང་དུ་བོད་དོན་ཆེད་རང་ལུས་མེར་བསྲེཊ་གནང་མཁན་གྲྭ་ཚེ་རིང་རྒྱལ་ལགས་ཉེན་རྟོག་པ་དང་དམག་མིས་བཙན་འཁྱེར་བྱས་ནས། རྫོང་གི་སྨན་ཁང་ལ་དམ་དྲག་ཆེན་པོས་སྨན་བཅོས་བྱེད་ཐབས་བྱས་ཀྱང་། མྱུར་སྐྱོབ་ཐུབ་རེ་མེད་པར་བརྟེན་ཉིན་དེའི་དགོང་མོ་ཉེན་རྟོག་པ་དང་མཉམ་དུ་ཁོང་གི་ཉེ་འབྲེལ་གཅིག་ཁག་གཅིག་གིས་མྱུར་སྐྱོབ་ཆེད་ཟི་ལིང་སྨན་ཁང་དུ་ཁྱེར་སྐབས། སྟབས་མ་ལེགས་པར་ལམ་བར་ནས་སྐུ་གྲོངས་འདུག ཚེ་རིང་རྒྱལ་ལགས་ནི་མགོ་ལོག་པདྨ་རྫོང་ཇོ་ནང་ཨ་སྐྱོང་དགོན་པའི་དགེ་འདུན་པ་ཞིག་ཡིན་ཞིང་། ཁོང་རང་ལོ་ཉི་ཤུ་ཡིན་འདུག་པར། ཁོང་འདས་གྲོངས་སུ་མ་འགྱུར་སྔོན་རང་ལུས་མེར་བསྲེགས་བཏང་བའི་དགོས་དོན་གསལ་བཤད་གནང་སྐབས། ཁོང་གིས་དེ་ནི་བོད་མི་གཞིས་བྱེས་མཉམ་འཛོམས་ཡོང་ཆེད་ཡིན་ཞེས་དང་། བོད་མི་ནང་ཁུལ་མཐུན་སྒྲིལ་བྱ་དགོས་གལ་ཆེ་ཞིང་། བོད་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་བདག་གཅེས་ལེགས་པོ་ཐུབ་རྒྱུར་རེ་བ་ཆེན་པོ་ཡོད་ལ། དེ་ལྟར་བྱུང་ན་གཞིས་བྱེས་མཉམ་འཛོམས་ཐུབ་རྒྱུ་ཡིན་པ་སོགས་གསུངས་ཡོད་འདུག

ཚེ་རིང་རྒྱལ་ལགས་འདས་གྲོངས་སུ་གྱུར་རྗེས་ཁོང་གི་ཕུང་པོ་རང་དགོན་དུ་འོར་འདྲེན་ཐུབ་པ་བྱུང་འདུག་ཅིང་། ཇོ་ནང་ཨ་སྐྱོང་དགོན་པ་དང་། པག་ཡག་དགོན་པ། སྒོ་མང་དགོན་པ་བཅས་ཀྱི་དགེ་འདུན་པ་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་གནང་སྟེ་བསྔོ་སྨོན་གསོལ་འདེབས་དང་ཕོ་ལུང་གི་བྱེད་སྒོ་སོགས་གནང་འདུག

དེའི་ཐད་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཞིག་སྤེལ་འདུག་པ་དེའི་ནང་། བོད་ནང་ད་བར་བོད་མི་ ༡༢༢ ཀྱིས་རང་ལུས་མེར་བསྲེགས་བཏང་བ་དེས་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་ཚོས་བོད་ཀྱི་གནས་སྟངས་ལ་ངེས་པར་དུ་དོ་སྣང་དང་ཐག་གཅོད་བྱེད་དགོས་པ་གསལ་པོར་བསྟན་པ་རེད་ཅེས་དང་། བོད་མིས་རང་ལུས་མེར་སྲེག་གཏོང་བཞིན་པའི་གནད་དོན་དེས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འཐུས་མིའི་འོས་བབ་མེད་པའི་བརྡ་ལན་ཡང་གསལ་པོར་བསྟན་པ་ཞིག་ཡིན་པ་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎