སྡེ་དགེ་ནས་བོད་མི་མང་པོ་འཛིན་བཟུང་།
2014.01.07

སྡེ་དགེ་དགོན་ཆེན་དང་དཔོན་མདའ་རུ་རྒྱ་ནག་གི་དམག་མང་པོ་ཡོང་ནས་གློ་བུར་བོད་མི་མང་པོ་འཛིན་བཟུང་བྱས་ཡོད་འདུག
འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཚེས་༧ཉིན་གྱི་ཞོགས་པར་གློ་བུར་དུ་རྒྱ་ནག་གི་དམག་མི་མང་པོ་དཀར་མཛེས་སྡེ་དགེ་དགོན་ཆེན་ཁུལ་གྱི་དཔོན་མདའ་རུ་འབྱོར་ཏེ། ཉེ་ཆར་ཁུལ་དེར་ས་འོག་འགྲིམ་འགྲུལ་ཕུག་ལམ་བཟོ་བར་བཀག་འགོག་བྱེད་མཁན་གྱི་བོད་མི་མང་པོ་ཞིག་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེ་ནི་སྔ་ལོའི་ཕྱི་ཟླ་༥ པའི་ཚེས་ ༦ ཙམ་ནས་རྒྱ་ནག་གཞུང་གིས་སྡེ་དགེ་མཐིལ་ནས་ས་འོག་ཕུག་ལམ་བཟོ་རྒྱུའི་ལས་འགོ་བཙུགས་ཏེ། ལོ་དེའི་ཕྱི་ཟླ་ ༥ པའི་ཚེས་༢༠ ཉིན་ལས་མི་དང་འཕྲུལ་ཆས་ཆེད་གཏོང་གིས་མཛད་སྒོ་ཚོགས་ནས་ལས་འགོ་བཙུགས་པ་དང་། སྐབས་དེ་ནས་བཟུང་བོད་མི་ཚོས། ས་བརྐོ་བ་དང་རྡོ་སློག་བྱས་ནས་ཕུག་ལམ་བཟོས་ན། ཁུལ་དེའི་བོད་མིའི་འཚོ་བ་ལ་བརྡབ་གསིག་དང་། ཁོར་ཡུག་ལའང་གཏོར་སྐྱོན་ཐེབས་ངེས་པ་ཡིན་དུས་ལས་འགོ་མི་འཛུགས་རོགས་ཞེས་ཞུ་བ་རིམ་པ་བྱས་ཀྱང་འབྲེལ་ཡོད་ནས་ཉན་འཇོག་མེད་པར་བཙན་ཤེད་ཀྱིས་ལས་འགོ་བཙུགས་ཡོད་པ་རེད། རྗེས་སུ་ལས་གཞི་དེ་ལ་བརྟེན་ས་གནས་བོད་མིའི་སྡོད་ཁང་མང་པོ་ཞིག་ལ་སེར་ཁ་གས་པ་དང་། ཁག་ཅིག་ས་འོག་ཏུ་རྡིབ་བཞིན་པ་སོགས་ཀྱི་ཛ་དྲག་གི་གནས་ཚུལ་ཐོན་པར་བརྟེན། ༢༠༡༣ ལོའི་ཟླ་ ༡༢ པའི་ཚེས་ ༢༧ ཉིན་ཕྱོགས་དེའི་བོད་མི་བརྒྱ་ལྷག་ཙམ་ཕུག་ལམ་བཟོ་སར་སོང་ནས་དངོས་སུ་བཀག་འགོག་བྱེད་ཐབས་བྱས་ཡོད། ཟླ་ ༡༢ ཚེས་ ༣༡ ཉིན་སྡེ་དགེ་རྫོང་ཟེར་བའི་མགོ་གཙོའི་ལས་ཁུངས་སུ་མང་ཚོགས་བཅར་ནས། གནས་ཚུལ་རྣམས་ཞུ་གཏུགས་བྱས་ཀྱང་དོན་ཕན་གང་ཡང་བྱུང་མེད་པ་རེད་། གནས་སྟངས་དེའི་འོག་༢༠༡༤ཟླ་༡ཚེས༧ཉིན་གྱི་སྔ་དྲོ་གློ་བུར་དུ་ལས་ཀ་དེར་བཀག་འགོག་བྱ་མཁན་གྱི་གྲོང་ཚོར་རྒྱ་དམག་མང་པོ་འབྱོར་ནས་གང་བྱུང་བོད་མི་མང་པོ་འཇུ་བཟུང་བཙན་ཁྲིད་བྱས་བའི་གནས་ཚུལ་ཙམ་ལས་གནས་ཚུལ་ཞིབ་ཕྲ་ད་དུང་ཁ་གསལ་མེད་པ་རེད།
གསར་འགོད་པ་འབེན་པ་སྟོབས་རྒྱལ།