བོད་རང་སྐྱོང་ལྗོངས་སུ་དམ་བསྒྲགས་སྲིད་ཇུས་དེ་བོད་ས་ཁུལ་གཞན་ལ་ཡང་ལག་བསྟར་བྱེད་འཆར་ཡིན་པ།
2015.12.23
༄༅།རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་འཛིན་བཞིན་པའི་དམ་བསྒྲགས་སྲིད་ཇུས་དེ་རྒྱ་ནག་ཞིང་ཆེན་གཞན་དུ་ཡོད་པའི་བོད་རིགས་ས་ཁུལ་ལ་གཅིག་གྱུར་ལག་བསྟར་བྱེད་འཆར་ཡིན་འདུག
2016ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་འཛིན་པའི་་དམ་བསྒྲགས་ཀྱི་སྲིད་ཇུས་དེ་བོད་རང་སྐྱོང་ལྗོངས་ལས་རྒྱ་ནག་ཞིང་ཆེན་གཞན་ཁོངས་སུ་གཏོགས་པའི་བོད་རིགས་གནས་སྡོད་ས་གནས་གཞན་ཁག་ཏུ་གཅིག་མཚུངས་ཀྱི་ལག་བསྟར་བྱེད་རྒྱུ་ཡིན་པ་རེད་འདུག
དེའང་དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་བ་ལྟར་ན། དེང་སྐབས་་བོད་རང་སྐྱོང་ལྗོངས་ཁོངས་སུ་་ཡོད་པའི་བོད་མི་ཚོར་ཕར་འགྲོ་ཚུར་འོང་གི་ཐོག་ལ་བཀག་སྡོམ་དང། ལྷག་པར་དུ་ཕྱིར་བསྐྱོད་ལག་འཁྱེར་སྤྲོད་རྒྱུ་ལ་དམ་བསྒྲགས་ཧ་ཅང་ཆེན་པོ་ཡོད་ན་ཡང་རང་སྐྱོང་ལྗོངས་ཁོངས་མ་ཡིན་པའི་ཞིང་ཆེན་གཞན་ཁོངས་སུ་ཡོད་པའི་བོད་རིགས་གནས་སྡོད་ས་གནས་ཁག་ཏུ་་སྲིད་ཇུས་གུ་ཡངས་པ་དང་དེ་ལ་བརྟེན་ནས་་ཕྱིར་བསྐྱོད་ལག་འཁྱེར་ཐོབ་ནས་ཕྱིར་རྒྱལ་ཡུལ་གྲུ་ཁག་དུ་འགྲོ་བསྐྱོད་བྱེད་མཁན་གང་འཚམ་བྱུང་ཡོད་པ་རེད། འོན་ཀྱང་༢༠༡༦ནས་རང་སྐྱོང་ལྗོངས་ནང་གི་དམ་བསྒྲགས་ཀྱི་སྲིད་ཇུས་བཟུང་བ་ནང་བཞིན་བོད་རང་སྐྱོང་ལྗོངས་ཕྱི་རོལ་གྱི་བོད་རིགས་གནས་སྡོད་ས་ཁུལ་གཞན་ཁག་ལའང་གཅིག་མཚུངས་ཀྱི་དམ་བསྒྲགས་་སྲིད་ཇུས་དེ་ལག་བསྟར་བྱེད་འཆར་ཡོད་པ་རྒྱ་ནག་གཞུང་གིས་སྔོན་དུ་འཚོགས་པའི་་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་༥དང་༦པའི་ཐོག་བོད་རང་སྐྱོང་ལྗོངས་གཅིག་པུ་ཙམ་མ་ཡིན་པར་ཞིང་ཆེན་གཞན་ཁག་ཚུད་པའི་བོད་མི་གནས་ཡུལ་ཚང་མའི་ནང་གོང་གསལ་སྲིད་ཇུས་དེ་འཛིན་དགོས་པའི་གཏན་འབེབས་བྱས་ཡོད་པ་གནས་ཚུལ་ཤེས་རྟོགས་བྱུང་ཡོད་འདུག
གཞན་ཡང་ཤེས་རྟོགས་བྱུང་བ་ལྟར། ལོ་ཤས་ཚུན་ནས་བལ་ཡུལ་ནས་རྒྱ་ནག་ཁྲེང་ཏུའུ་མཁའ་ལམ་བརྒྱུད་བསྐྱོད་མཁན་བོད་མི་འགའ་ཞིག་ལ་བལ་ཡུལ་ནས་ཁྲེང་ཏུར་ཤར་བསྐྱོད་བྱས་ན་མི་འགྲིག་པར་སྔོན་ལ་ལྷ་སའི་གོང་དཀར་གནམ་ཐང་ནས་བབས་ནས་ཅ་དངོས་སོགས་ལ་ཞིབ་བཤེར་བརྒྱུད་དགོས་པའི་གནས་ཚུལ་བྱུང་འདུག