བལ་ཡུལ་དུ་ཡོད་པའི་ཁྲ་འགུ་སྲས་མཁར་དགུ་ཐོག་ཞེས་པའི་སྒྲུབ་སྡེའི་སྐོར།
བལ་ཡུལ་རྒྱལ་ས་ཀཊ་མན་ཌུའི་ཉེ་འགྲམ་གྱི་དབེན་གནས་ཤིག་ཏུ་ཁྲ་འགུ་སྲས་མཁར་དགུ་ཐོག་ཞེས་པའི་སྒྲུབ་གྲྭ་དེའི་ནང་དེང་སྐབས་རྒྱལ་ཁབ་ཁག་ཉི་ཤུ་རྩ་གྲངས་ནས་ཕེབས་པའི་ནང་ཆོས་སློབ་གཉེར་བ་སྐྱ་སེར་ཕོ་མོ་རྒན་གཞོན་དར་གསུམ་གནས་དེར་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་གནང་བཞིན་འདུག
སྒྲུབ་གྲྭ་དེ་ཐོག་མར་སྐྱབས་རྗེ་ཁྲ་འགུ་རིན་པོ་མཆོག་གིས་ཐུགས་འཁུར་འོག་གསར་བཞེངས་གནང་ནས་དེང་སྐབས་དབེན་གནས་དེར་སློབ་མ་ཁྱོན་བསྡོམས་༡༧༠ཙམ་ཡོད་པ་དང་། སྒྲུབ་གྲྭ་དེའི་ནང་གཙོ་བོ་ ལོ་གསུམ་ཕྱོགས་གསུམ་དང་གཞན་ཡང་། བཞུགས་ཡུན་ཟླ་བ་༡ཙམ་ནས་ལོ་༢༤བར་གྱི་ནང་ཆོས་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་བྱ་རྒྱུར་མཐུན་རྐྱེན་སྦྱོར་སྤྲོད་གནང་གི་ཡོད་པ་རེད།
གལ་ཏེ་སྒྲུབ་གྲྭ་དེའི་ནང་སློབ་བཞུགས་བྱེད་ཚེ་སྡོད་ཁང་དང་ཟས་རིན་སློབ་ཡོན་བཅས་ཡོངས་རྫོགས་འབུལ་མི་དགོས་པར་རིན་མེད་ཡིན་པ་མ་ཟད། ནད་ཀྱི་མནར་བ་སོགས་བྱུང་ཚེ་སྒྲུབ་གྲྭ་དེ་ནས་སྨན་བཅོས་འགྲོ་གྲོན་གཏོང་བ་དང་བཅས་གཟིགས་རྟོགས་གང་ལེགས་གནང་གི་ཡོད་པ་རེད་འདུག
གཞན་ཡང་སྒྲུབ་གྲྭ་དེའི་ནང་སྒྲིགས་ཁྲིམས་དམ་པོ་ཡོད་པ་དང་དུས་རྒྱུན་ཕྱི་ཕྱོགས་ནས་སྒྲུབ་གྲྭའི་ནང་ཡར་འཛུལ་ཡོང་མཁན་དང་། ཡང་ན་སྒྲུབ་གྲྭའི་ནང་ནས་ཕྱིར་འགྲོ་མཁན་དེ་དག་ཡར་མར་གཏོང་སླ་པོ་མེད་པ་མ་ཟད། ཕྱི་རྒྱལ་གྱི་སློབ་མ་རྣམས་ཀྱིས་དངུལ་སྤྲོད་མི་ཆོག་པ་བཟོས་ཡོད་པ་དང་སྒྲུབ་གྲ་དེའི་ནང་ཕྱིར་ཕྱོགས་ནས་དངུལ་འབུལ་མཁན་ཡོད་ཀྱང་ནང་དུ་ལེན་ཆོག་གི་མེད་པའི་སྒྲིག་གཞི་དམ་པོ་ཞིག་བཟོས་ཡོད་པ་དང་། སྒྲུབ་གྲ་དེ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་སྒྲུབ་དཔོན་མཁན་རིན་པོ་ཆེ་མཆོག་གིས་ཆོས་སྒྲུབ་པའི་དུས་ལ་དཔལ་འབྱོར་འཚོལ་བསྡུ་བྱེད་རྒྱུ་དེ་ཡག་པོ་མ་རེད་ཅེས་གསུངས་པ་དང་། སྒྲུབ་པ་ཉམས་ལེན་གནང་མཁན་ཚོར་དྲ་རྒྱ་དང་སྤྱི་ཚོགས་བརྒྱུད་ལམ་སོགས་གང་ཡང་བལྟ་ཉན་བྱ་རྒྱུ་མེད་པ་དང་། རྭ་བ་དེའི་ནང་ཕྱོགས་གང་ས་ནས་འདྲ་མཉམ་གྱི་ལྟ་རྟོག་འོག་སློབ་པ་སློབ་གཉེར་གནང་ས་ཆེས་དཀོན་པའི་སློབ་གཉེར་ཁང་འདི་འདྲ་ཞིག་ཇི་ལྟར་རྒྱུན་སྐྱོང་གནང་ཐུབ་པའི་སྐོར་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་སྒྲུབ་དཔོན་མཁན་རིན་པོ་ཆེ་ཀརྨ་ལྷ་བུ་མཆོག་དང་གླེང་མོལ་ཞུས་པ་ཞིག་ལ་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག