དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་པེ་རིས་རུ་དཔལ་སྐྱའི་སྨོན་ལམ་ཐེངས་གཉིས་པའི་ཐོག་དབུ་བཞུགས་མཛད་རྒྱུ།

དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་པེ་རིསི་རུ་ཉིན་གསུམ་རིང་ཚོགས་རྒྱུའི་ཡོ་རོབ་དཔལ་ས་སྐྱའི་སྨོན་ལམ་ཐེངས་གཉིས་པའི་ཐོག་དབུ་བཞུགས་མཛད་རྒྱུ་ཡིན་འདུག
2022.07.28
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་པེ་རིས་རུ་དཔལ་སྐྱའི་སྨོན་ལམ་ཐེངས་གཉིས་པའི་ཐོག་དབུ་བཞུགས་མཛད་རྒྱུ།
ཡོ་རོབ་ས་སྐྱ་སྨོན་ལམ་ཚོགས་ཚུང་།

དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་དབུས་༧ས་སྐྱ་ཁྲི་ཐོག་ ༤༣ པ་དང་།  ༤༢ པ།  ས་སྐྱ་ཕོ་བྲང་གཉིས་ཀྱི་འཁོན་གདུང་རྣམ་པ་ཕྱི་ཟླ་ ༧ ཚེས་ ༢༨ ཉིན་ཧྥརན་སིའི་རྒྱལ་ས་པེ་རིསི་རུ་ཞབས་སོར་འཁོད་ཅིང་། ས་གནས་བོད་མི་ཚོས་ཕེབས་བསུ་ཞུས་འདུག དཔལ་ས་སྐྱ་༧གོང་མ་ཁྲི་ཆེ་རིན་པོ་ཆེ་དང་དཔལ་ས་སྐྱ་ཁྲི་འཛིན། དེ་བཞིན་འཁོན་གདུང་རྣམ་པ་པེ་རིསི་རུ་ཉིན་གྲངས་གསུམ་རིང་འཚོགས་རྒྱུའི་དཔལ་ས་སྐྱ་པའི་ཡོ་རོབ་སྨོན་ལམ་ཆེན་མོ་ཐེངས་གཉིས་པའི་ཚོགས་མགོན་དུ་ཞབས་སོར་འགོད་རྒྱུ་ཡིན་འདུག
ཡོ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༢ པ་འདི་བཞིན་ཕྱི་ཟླ་ ༧ ཚེས་ ༣༠ ནས་ཉིན་གསུམ་རིང་ཚོགས་གཏན་འཁེལ་འདུག
ས་གནས་ཀྱི་བོད་མི་མང་པོ་ཞིག་ཕྱི་ཚེས་ ༢༨ ཉིན་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་དང་འཁོན་གདུང་རྣམ་པ་པེ་རིསིའི་རི་ལིའི་བབས་ཚུགས་སུ་ཕེབས་འབྱོར་སྐབས་ཕེབས་བསུ་ཞུས་འདུག་ཅིང་།
ཕེབས་བསུར་བཅར་མཁན་གྱི་ཁོངས་ནས་བསོད་ནམས་བསྟན་འཛིན་ལགས་ཀྱིས།  རིན་པོ་ཆེ་མཆོག་ཡུན་རིང་རྗེས་ས་གནས་པེ་རིསི་རུ་ཆིབས་སྒྱུར་བསྐྱངས་ཐོག་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡོ་རོབ་ས་སྐྱའི་སྨོན་ལམ་དུ་དཔལ་ས་སྐྱ་༧གོང་ས་ཁྲི་ཆེན་རིན་པོ་ཆེ་དབུས་བསྟན་བདག་བླ་ཆེན་དང་། འཁོན་གདུང་རྣམ་པ། དགེ་བའི་བཤེས་གཉེན་ལ་སོགས་པ་དགེ་འདུན་པ་ཞལ་གྲངས་ ༥༠ ཙམ་ཚོགས་ཕེབས་གནང་གི་ཡོད་འདུག྅
ས་གནས་བོད་མིའི་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར།  ཕྱི་ཟླ་ ༨ ཚེས་ ༡ སྟེ་དྲུག་པ་ཚེས་བཞིའམ་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་འཁོར་བསྐོར་བའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ས་གནས་མང་ཚོགས་ལ་ཚེ་དབང་བཀྲིན་ཆེ་རྒྱུའི་མཛད་རིམ་གཏན་འཁེལ་ཡོད་པ་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྒན་ངག་དབང་དཔལ་འབྱོར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་རེས་ཕ་རན་སི་རྒྱལ་ས་པེ་རིསི་གྱི་ས་སྐྱའི་སྨོན་ལམ་འདི་ནི་ ༢༠༡༩ ལོར་སྦེལ་ཇིཡམ་དུ་ཡོ་རོབ་ཁུལ་གྱི་སྨོན་ལམ་ཚོགས་པའི་རྗེས་ཐེངས་གཉིས་པ་འདི་ཆགས་ཀྱི་ཡོད་ཅིང་།  ཉེ་ལམ་ཧྥརན་སིའི་རྒྱ་མིའི་ཟ་ཁང་ཞིག་ཏུ་བོད་མི་ཞིག་དམར་བསད་བཏང་བའི་དོན་རྐྱེན་བྱུང་རྗེས།  ས་གནས་མང་ཚོགས་ཀྱི་སེམས་ནང་སེམས་སྡུག་གི་གནས་སྟངས་ཤིག་གནས་མུས་སྐབས་འདིར།  ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་དང་ས་སྐྱ་ཁྲི་འཛིན་དང་ཁྲི་ཟུར།  འཁོན་གདུང་རྣམ་པ་བཅས་ཕེབས་ཏེ་ཆོས་ཕྱོགས་ཀྱི་མཛད་པ་སྐྱོང་རྒྱུ་འདིས་ས་གནས་བོད་མི་ཚོར་ཕན་རླབས་ཆེན་པོ་ཞིག་ཡོང་རྒྱུ་ཡིན་སྟབས།  སྨོན་ལམ་སྐབས་སུ་ས་གནས་བོད་མི་མང་པོས་མཉམ་ཞུགས་གནང་བའི་རེ་བ་ཡོད་པ་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ད་རེས་ཡོ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཐེངས་གཉིས་པའི་སྐབས།  ༧སྐྱབས་མཆོག་ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ་མཆོག་གིས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཁྲིད་ལུང་གནང་རྒྱུ་དང་།  ༧སྐྱབས་མཆོག་གདུང་སྲས་ཨ་བྷི་ཀྲི་ཏ་རིན་པོ་ཆེ་མཆོག་གིས་ས་སྐྱ་ལེགས་བཤད་ཀྱི་ལྗགས་ལུང་དང་བཀའ་ཁྲིད་བསྩལ་གནང་མཛད་རྒྱུ།  ཆོས་འཁོར་དུས་ཆེན་ཉིན་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་ཚེ་དབང་དང་བཀའ་སློབ་བསྩལ་རྒྱུ་དང་།  ས་གནས་མང་ཚོགས་ནས་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་རིམ་བང་སྒྲིག་འདུག
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༡༥ ནས་ ༡༧ བར་ཨ་རིའི་ནུབ་ཕྱོགས་བྱང་ཁེ་ལི་ཧྥོར་ནི་ཡའི་(Carlifornia)སེན་ཧྥརན་སིསི་ཀོ་རུ་(San Francisco) བྱང་ཨ་རིའི་ས་སྐྱའི་སྨོན་ལམ་ཆེན་མོ་ཐེངས་ ༥ པ་བསྐྱངས་མ་ཐག་པ་ཡིན་པ་རེད།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎