བོད་ཀྱི་སྐད་ཡིག་སློབ་གསོའི་གནས་བབ་ཛ་དྲག་ཅན་ཞིག་ཏུ་སླེབས་ཡོད་པ།
བོད་ཀྱི་སྐད་ཡིག་དང་། ནང་པ་སངས་རྒྱས་པའི་ཆོས། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་བཅས་ལ་བརྟེན་ནས་བོད་ཕྱི་ནང་གི་བོད་མི་ཚོ་ཆིག་སྒྲིལ་ངང་གནས་ཐུབ་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག
དེང་སང་བོད་ནང་རྒྱ་བསྒྱུར་སློབ་གསོ་ཁྱབ་སྤེལ་གྱི་ཆེད་དུ། གཞི་རིམ་སློབ་གསོའི་ཁྲོད་བོད་སྐད་དང་བོད་ཡིག་ཉམས་དམས་སུ་གཏོང་བའི་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་བཞིན་པ་རེད། བཙན་བྱོལ་རང་དབང་ལུང་པའི་ནང་དུའང་བོད་པའི་མི་རབས་གསར་པ་ཚོར་བོད་ཀྱི་སྐད་ཡིག་སློབ་གསོའི་ཐད་དཀའ་ངལ་མི་ཉུང་བ་འཕྲད་བཞིན་ཡོད། དེར་བརྟེན་ད་ལྟའི་སྐབས་སུ་བོད་ཀྱི་སྐད་ཡིག་གི་གནས་བབ་འགག་རྩ་ཞིག་ལ་སླེབས་ཡོད།
རྒྱ་གཞུང་གིས་ཉམས་ཞིབ་བྱས་པའི་བརྒྱུད་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་པ་ཚོར་རྡོག་རྩ་གཅིག་སྒྲིལ་ཡོང་བའི་གཞི་རྩ་གཙོ་བོ་གསུམ་ཡོད་པ་སྟེ། བོད་ཀྱི་སྐད་ཡིག་དང་། ནང་པ་སངས་རྒྱས་པའི་ཆོས། ༧གོང་ས་མཆོག་གི་མཛད་འཕྲིན་བཅས་ཡིན་པ་རེད། དེ་དག་ལ་བརྟེན་ནས་བོད་པ་ཚོ་རྡོག་རྩ་གཅིག་སྒྲིལ་ངང་གནས་ཐུབ་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་པ་ཚོ་རྒྱ་བསྒྱུར་བྱེད་མ་ཐུབ་པའི་རྒྱུ་མཚན་གཙོ་བོའང་གནད་དོན་དེ་དག་ལ་ཐུག་ཡོད་པ་རེད་ཅེས་རྒྱ་ནག་གི་ཉམས་ཞིབ་ཀྱི་མཇུག་སྡོམ་དུ་བཀོད་ཡོད་པ་བོད་པའི་སློབ་གསོ་བ་དང་ཤེས་ལྡན་མི་སྣ་ཞིག་གིས་བརྗོད་ཀྱི་འདུག
དེ་རིང་གི་ཁ་བའི་གྲོས་རྭ་ལེ་ཚན་ནང་དུ་བོད་ཀྱི་མི་རབས་གསར་པ་ཚོའི་བོད་ཀྱི་སྐད་ཡིག་སློབ་གསོའི་གནས་བབས་ཛ་དྲག་ཅན་ཞིག་ཏུ་སླེབས་ཡོད་པ་དང་། དེ་ནི་བོད་ཀྱི་རྩ་དོན་དང་མི་རིགས་ཀྱི་ཆགས་འཇིག་དང་འབྲེལ་བ་ཡོད་མེད། དེའི་གནད་འགག་ཇི་ལྟར་ཡིན་མིན་སྐོར་ལ་ནུབ་བྱང་བོད་རིགས་ཚོགས་པའི་དབྱར་གནས་ལ་འཆད་ཁྲིད་ཆེད་ཕེབས་པའི་བོད་ཀྱི་ཤེས་རིག་སློབ་གསོའི་ཆེད་ལས་མཁས་པ་རྒན་བསྟན་འཛིན་ནུབ་པ་ལགས་སུ་། རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅར་འདྲི་བྱས་པ་ཞིག་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།