བོད་པའི་ཕྲུ་གུ་གསོ་སྐྱོང་སྐབས་སུ་ཕ་མ་ཚོའི་འགན་འཁུར།
ཨ་རིའི་སྙན་གྲགས་ཆེ་བའི་ཡེལ་གཙུག་ལག་སློབ་གྲྭའི་སེམས་ཁམས་རིག་པའི་སློབ་དཔོན་ཞིག་གིས་ཕྲུ་གུ་ལ་ཁ་པར་སྤྲོད་རྒྱུ་དུས་ཚོད་གང་ཐུབ་ཀྱིས་འཕར་འགྱངས་གནང་པ་ཡིན་པ་ཕན་རླབས་ཆེ་བའི་སྐོར་དང་།དེ་ནི་ཕྲུ་གུའི་བདེ་སྐྱིད་དང་མི་ཚེ་ལམ་ལྷོངས་ལྡན་པ་ཞིག་བསྐྱལ་ཐུབ་རྒྱུ་དང་འབྲེལ་བ་ཡོད་པ་བརྗོད་འདུག དེ་ཡང་ཨ་རིའི་ནང་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་ཤེས་རྟོགས་བྱུང་བ་ལྟར་ན་ཕྲུ་གུ་ཚོས་ཉིན་རེ་ཁ་པར་ཐོག་དུས་ཚོད་གཏང་སྟངས་དེ་ཡང་སོ་སོའི་རིག་རྩལ་འཕེལ་རྒྱས་སོགས་ལ་ཕན་པའི་ཤེས་ཡོན་སློབ་གསོ་དང་འབྲེལ་བ་མ་ཡིན་པ་།ན་གཞོན་ཚོས་དུས་ཚོད་མང་ཆེ་བ་བག་མེད་ལོངས་སྤྱོད་ཀྱིས་སྤྱི་ཚོགས་བརྒྱུད་ལམ་དང་བརྙན་པར་སོགས་ལ་བལྟས་ནས་དུས་ཚོད་བསྐྱལ་གྱི་ཡོད་པའི་བྱ་སྤྱོད་དེས་ཕྲུ་གུ་ཚོའི་སེམས་ཁམས་དང་སློབ་སྦྱོང་ལ་ཤུགས་ཆེན་པོ་གནོད་ཀྱི་ཡོད་སྐོར་བརྗོད་འདུག གཞན་ཡང་སྤྱི་ཚོགས་བརྒྱུད་ལམ་ཐོག་ཕྲུ་གུ་ཚོར་གཞན་གྱིས་ཐུབ་ཚོད་གཏོང་བ་དང་དམའ་འབེབས་བྱེད་པ་སོགས་ཕྲུ་གུའི་ན་ཚོད་དང་སེམས་ཁམས་དང་མ་མཐུན་པའི་ནང་དོན་རིགས་ཀྱང་ཡོང་གིན་ཡོད་པ་བརྗོད་།དེར་བརྟེན་ཕྲུ་གུ་ཚོ་འཛིན་གྲྭ་བརྒྱད་པ་མ་སླེབས་ཀྱི་བར་དུ་ཁ་པར་དང་གློག་ཆས་བཀག་འགོག་བྱེད་ན་སེམས་ནང་དངངས་སྐྲག་དང་སེམས་ངལ་ཉུང་བ་དང་གཉིད་མང་བ།་ཕྱི་ལོགས་སུ་ལུས་སྦྱོང་བྱེད་རྒྱུ་སོགས་གཟུགས་པའི་བདེ་ཐང་ལ་ཕན་པའི་སྐོར་བརྗོད་ཡོད། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་ནུབ་ཕྱོགས་སུ་བོད་པའི་ཕྲུ་གུ་གསོ་སྐྱོང་སྐབས་སུ་ཕ་མ་ཚོའི་འགན་འཁུར་དང་ལྷག་པར་དུ་ནུབ་ཕྱོགས་པའི་ཟ་ཟིང་ཆེ་བའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་རིག་གཞུང་ལ་བྱང་ཆ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོར་ཤེས་ཡོན་སློབ་གསོའི་དཀའ་གནད་དང་གདོང་ལེན་།ཁ་པར་བཀོལ་སྤྱོད་སོགས་ཀྱི་སྐོར་ཕ་རི་སི་ནང་བཞུགས་པའི་བྱམས་བརྩེའི་ནུས་སྟོབས་ཚོགས་པ་གསར་འཛུགས་གནང་མཁན་དང་ཡིད་འོང་སློབ་གྲྭ་གོ་སྒྲིག་བྱས་མཁན་རྣམ་རྒྱལ་ཚེ་རིང་ལགས་དང་།བོད་ཀྱི་རིག་གཞུང་གཅེས་འཛིན་སློབ་གྲའི་ཤེས་ཡོན་འགན་འཛིན་དགེ་བཤེས་ཟླ་བ་ཚེ་རིང་ལགས་རྣམ་པ་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བགྲོ་གླེང་བྱས་པ་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།