རྒྱ་ནག་གི་སྲིད་འཛིན་ཨི་ཊ་ལིར་འཚམས་གཟིགས་ལ་གཞུང་ཕྱོགས་ནས་ཡིད་གཟབ་དགོས་བའི་སྐུལ་མ་གནང་འདུག
2019.03.21
རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་ཨི་ཊ་ལིར་འཚམས་གཟིགས་ལ་ཡོང་བར་ཨེ་ཊ་ལིའི་གཞུང་གིས་ཡིད་གཟབ་དགོས་པ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྐུལ་མ་ཞུས་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་(Xi Jinping) ཨི་ཊ་ལི་རུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུའི་སྔ་རོལ་དུ་ཨི་ཊ་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཐུན་མོང་གིས་ཨི་ཊ་ལིའི་གཞུང་ནས་རྒྱ་ནག་གི་གཡོ་བྱུས་ལ་ཡིད་གཟབ་བྱ་དགོས་པ་མ་ཟད། རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་དམ་དྲག་གི་སྲིད་ཇུས་ལ་ཨི་ཊ་ལིའི་མང་ཚོགས་ལ་བློ་འཚབ་ཡོད་པ་དེ་ཨི་ཊ་ལི་གཞུང་ནས་དགོངས་འཇགས་གནང་གལ་ཆེ་བའི་སྐོར་ཞུ་སྐུལ་གནང་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་(Xi Jingping) ཕྱི་ཟླ་ ༣ ཚེས་༢༢་དང་༢༣་བར་ཉིན་གཉིས་རིང་ཨི་ཊ་ལི་རུ་གཞུང་དོན་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་དང་སྟབས་བསྟུན་ཚེས་༢༡་ཉིན། ཨི་ཊ་ལི་བོད་རིགས་ཚོགས་པ་དང་། བོད་རང་དབང་ལས་འགུལ་ཚོགས་པ། ཨི་ཊ་ལི་ནང་པའི་ཆོས་ཚོགས། བོད་ཁང་སོགས་ཁྱོན་བོད་རིགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་༢༠ཙམ་གྱིས་ཟུང་འབྲེལ་གྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གི་སྲིད་འཛིན་གི་འཚམས་གཟིགས་སྐབས་རྒྱལ་ཁབ་གཉིས་དབར་ཟུང་འབྲེལ་གྱི་ལས་དོན་སྣ་མང་ཐོག་གྲོས་མཐུན་མཚན་རྟགས་འགོད་རྒྱུའི་གོ་སྐབས་ཡིན་ནའང་ཞི་ཇིན་པིང་གི་རྒྱུད་གཅིག་ལམ་གཅིག་ཟེར་བའི་རྒྱལ་སྤྱིའི་ཐོག་རྒྱ་ནག་འབུར་འདོན་གྱི་ལས་གྲར་ཨི་ཊ་ལི་མཉམ་ཞུགས་བྱ་རྒྱུར་ཡིད་གཟབ་གནང་དགོས་པ་མ་ཟད། སྔ་ལོ་༢༠༡༨ལོར་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་༢༨ ཀྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཅེས་པའི་ལས་གཞིར་བློ་དོགས་ཡོད་པ་ཁག་གསལ་འདོན་གནང་ཡོད་པ་ལུང་འདྲེན་ཡང་བྱས་འདུག
ལྷག་པར་དུ་ཨི་ཊ་ལི་གཞུང་ནས་རྒྱ་ནག་གི་འགོ་ཁྲིད་ལྷན་དུ་གྲོས་མོལ་སྐབས་རྒྱ་ནག་གཞུང་ནས་བོད་དང་ཤིན་ཅང་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་བཏང་དང་གཏོང་བཞིན་པའི་གནས་སྟངས་ལ་བསམ་ཞིབ་གནང་གལ་ཆེ་བའི་སྐུལ་ཅག་གནང་དགོས་སྐོར་འཁོད་བརྗོད་ཡོད་ལ། ཡང་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ཆབ་སྲིད་ཀྱི་དམ་དྲག་དང་དྲག་གནོན་འོག་བོད་མིའི་ངོ་བོ་རྩ་བརླག་བཏང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དང་། བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་ཙམ་དུ་མ་ཟད། བོད་ཀྱི་རིག་གནས་ཀྱི་གཅེས་ནོར་བརྒྱ་ཆ་༩༠ལྷག་རྩ་མེད་བཏང་ཡོད་པའི་ཁར་དེང་གི་ཆར་རྒྱ་ནག་གཞུང་ནས་བོད་མི་ཚོར་མི་རིགས་དབྱེ་འབྱེད་དང་དཔལ་འབྱོར་ཟུར་འབུད་བྱེད་བཞིན་པའི་གནས་ལུགས་གསལ་འདོན་གནང་པའི་ཐོག་ ༢༠༠༩ནས་བཟུང་ད་བར་བོད་ནང་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་པའི་གནས་སྟངས་སོགས་ཀྱང་གསལ་བཤད་གནང་འདུག