རྒྱ་ནག་དབུའུ་ཁན་གྲོང་ཚོར་མུ་མཐུད་ངོ་རྒོལ་རྔམ་སྟོན།
2011.12.16
༄༅༎རེས་གཟའ་ཉི་མའི་ཉིན་རྒྱ་ནག་གོང་ཏུང་ཞིང་ཆེན་དབུའུ་ཁན་གྲོང་ཚོའི་ས་གནས་མི་མང་གི་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་མི་སྣའི་གྲས་ཤིག་ས་གནས་ཉེན་རྟོག་ལས་ཁུངས་གི་བཀག་ཉར་ཁང་ནང་རྐྱེན་འདས་སུ་ཕྱིན་པའི་རྗེས་ གྲོང་ཚོ་དེའི་མི་མང་སྟོང་ཕྲག་ཁ་ཤས་ཀྱིས་ངོ་རྒོལ་རྔམ་སྟོན་ཉིན་ཤས་བསྟུད་མར་བྱས་ནས་ དེ་རིང་གཟའ་པ་སངས་ཉིན་ས་གནས་མི་མང་ཚོས་བཀག་ཉར་ཁང་ནང་རྐྱེན་འདས་སུ་ཕྱིན་པའི་ས་གནས་གྲོང་མི་དེར་མྱ་ངན་གྱི་འདུ་འཛོམས་ཤིག་ཚོགས་ཡོད་པ་དང་ དེའི་ཐོག་ས་གནས་གྲོང་མི་ཁྲི་གཅིག་ཙམ་མཉམ་བཞུགས་བྱས་ཡོད་པའི་སྐོར་ས་གནས་གྲོང་མི་ཞིག་གིས་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་འདུག
དེ་བཞིན་གཟའ་ཕུར་བུའི་ཉིན་ས་གནས་གྲོང་མི་ལྔ་སྟོང་ཙམ་གྲོང་ཚོའི་ནང་འདུ་འཛོམས་ཀྱིས་ས་གནས་གྲོང་མི་ཚོའི་ས་ཞིང་ཕྱིར་སློག་བྱ་དགོས་པའི་དགོས་འདུན་བཏོན་པ་མ་ཟད་ རྒྱ་ནག་དབུས་གཞུང་གིས་ས་གནས་དེའི་ནང་བྱུང་བཞིན་པའི་དཔོན་རིགས་དང་ས་གནས་མི་དམངས་དབར་གྱི་རྩོད་གཞི་དེར་ཐེ་བྱུས་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད་ དབུའ་ཁན་གྱི་གནད་དོན་དེ་ད་ལོ་ཕྱི་ཟླ་དགུ་པ་ཙམ་ནས་བྱུང་བ་ཞིག་ཡིན་པ་དང་ ཐོག་མའི་རྒྱུ་རྐྱེན་ནི་ས་གནས་དཔོན་རིགས་ཀྱིས་ས་གནས་དེའི་ཞིང་པའི་ས་ཞིང་མུའུ་གསུམ་སྟོང་ལྷག་ཨར་ལས་འཛུགས་སྐྲུན་ཚན་པར་བཙོང་ནས་ བར་བཟས་བྱས་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་ཞིང་ འདས་པའི་ཟླ་བ་གསུམ་ཙམ་རིང་ས་གནས་མི་མང་ཚོས་ངོ་རྒོལ་གྱི་རྔམ་སྟོན་རིམ་པ་བྱས་ཡོད་མ་ཟད་ ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༡ཉིན་ངོ་རྒོལ་གྱི་རྔམ་སྟོན་བྱས་པའི་ཁྲོད་ས་གནས་ཉེན་རྟོག་པས་གོང་ཞུས་རྐྱེན་འདས་སུ་ཕྱིན་པའི་གྲོང་མིའི་འཐུས་མིའི་གྲས་ཤོལ་ཇིང་ཕོའོ་ཚུད་པའི་འཐུས་མི་ལྔ་ཡིས་རྒྱལ་ཁབ་ཀྱི་རྒྱུ་དངོས་གཏོར་བཤིག་བཏང་ལུགས་ཀྱི་ཉེས་བཙུགས་ཐོག་ནས་བཀག་ཉར་བྱས་པའི་རྗེས་ས་གནས་དེའི་ནང་གི་གནས་སྟངས་དེ་བས་ཚབས་ཆེ་རུ་ཕྱིན་ནས་ མཐར་ཤོའོ་ཇིང་ཕོའོ་བཀག་ཉར་ཁང་ནང་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་བྱུང་ནས་ ས་གནས་དེའི་གནས་སྟངས་དེ་བས་ཛ་དྲག་ཏུ་ཕྱིན་ཡོད་པ་རེད་ རྒྱ་ནག་གཞུང་ཕྱོགས་ནས་ཤོལ་ཇིང་ཕོའོ་སྙིང་གི་ནད་གཞི་ཕོག་ནས་རྐྱེན་འདས་སུ་ཕྱིན་ལུགས་ཕྱི་ཕྱོགས་སུ་འགྲེལ་བཤད་རྒྱབ་ཀྱི་ཡོད་ཀྱང་ ཤོལ་གྱི་ནང་མི་དང་ས་གནས་མི་མང་ཚོས་ ཤོལ་གྱི་ལུས་པོའི་ཐོག་རྨ་ཤུལ་དང་ ཉེས་རྡུང་བཏང་བའི་མཚོན་རྟགས་མང་པོ་ཡདོ་པའི་ཐོག་ནས་ཁོང་བཀག་ཉར་ཁང་ནང་ཉེས་རྡུང་བཏང་ནས་རྐྱེན་འདས་སུ་ཕྱིན་པ་བརྗོད་ཀྱི་ཡོད་འདུག