འཛམ་གླིང་སྤྱིའི་ཉེན་ཁ་ཡིན་པས་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་གདོང་ལེན་བྱེད་དགོས། ཀརྨ་པ་མཆོག་གིས།
2020.04.15
ནད་ཡམས་ནི་འཛམ་གླིང་ཡོངས་རྫོགས་ལ་ཉེན་ཁ་སྤྲོད་ཐུབ་པའི་གནས་སྟངས་ཞིག་ཡིན་དུས་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་གདོང་ལེན་དང་རྒྱལ་ཁ་ལེན་ཐུབ་པ་བྱེད་གལ་ཆེ་བ་ཀརྨ་པ་མཆོག་གིས་གསུང་འདུག
འདི་ཚེས་༡༤་རེས་གཟའ་མིག་དམར་ཉིན། དཔལ་རྒྱལ་དབང་ཀརྨ་སྐུ་ཕྲེང་བཅུ་བདུན་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གིས། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པ་དང་དེང་སྐབས་འཛམ་གླིང་གང་སར་ཁྱབ་གདལ་དུ་སོང་ནས་ནད་པ་ས་ཡ་གཉིས་བརྒལ་ཡོད་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་དང་འབྲེལ་ཐུགས་འཚབ་དང་བཅས་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་བཀའ་སློབ་གནང་ཡོད་པའི་ནང་། སྤྱིར་བཏང་ཏོག་དབྱིབས་ནད་རིམས་དེ་མཆེད་པ་ནས་བཟུང་ད་ལྟ་བར་དུ་འཛམ་གླིང་ཧྲིལ་བོའི་མིའི་འཚོ་བ་དང་། བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། ལྷག་པར་དུ་འབྱུང་འགྱུར་གྱི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་ལའང་ད་ལྟ་ཏན་ཏན་ཞིག་མེད་པས་ཚང་མར་སེམས་ཁྲལ་དང་བློ་འཚབ་ཆེན་པོ་ཡོང་གི་ཡོད་པ་རེད། སྤྱིར་བཏང་སྟོན་པ་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་གསུངས་པ་ནང་བཞིན། ང་ཚོའི་མི་ཚེའི་ནང་གི་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་སྐད་ཅིག་སྐད་ཅིག་ལའང་མི་སྡོད་པར་འགྱུར་བ་འགྲོ་བཞིན་ཡོད་པ་རེད། ཡིན་ནའང་འགྱུར་བ་མང་པོ་ཞིག་ང་ཚོས་དང་ལེན་ཐུབ་ཀྱི་ཡོད་སྟབས། དེ་ཙམ་མངོན་གསལ་དོད་པོ་ཡོང་གི་མེད་པ་རེད། ལྷག་པར་དུ་མཚམས་མཚམས་སུ་སོ་སོའི་འདོད་ཕྱོགས་དང་མཐུན་པའི་འགྱུར་བ་བཟང་པོའམ་ཡང་ན་སོ་སོས་བསམ་པ་ལས་ལྷག་པའི་འགྱུར་བ་ཡག་པོ་བྱུང་བའི་སྐབས་སུ། ང་ཚོས་འགྱུར་བ་མང་ཙམ་ཡོང་བ་ཞིག་དང་ཤུགས་ཆེ་ཙམ་ཡོང་བའི་རེ་བ་རྒྱག་བཞིན་ཡོད་པ་རེད། དེ་ལས་ལྡོག་ཏེ་བསམ་ཡུལ་ལས་འདས་པའི་འགྱུར་བ་ངན་པ་བྱུང་བའི་སྐབས། ང་ཚོའི་སེམས་ལ་དངངས་སྐྲག་དང་ཅི་བྱེད་འདི་བྱེད་མེད་པའི་གནས་སྟངས་དེ་འདྲའང་ཡོང་སྡོད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ད་རེས་མི་རྟག་པ་ཆེན་པོ་འདི་འདྲ་བྱུང་སྐབས། ང་ཚོས་གང་ཐུབ་ཐུབ་ཀྱིས་དངངས་སྐྲག་མི་བྱེད་པ་དང་ཁ་ནང་དུ་ཕྱོགས་ནས་བསམ་བློ་གཏོང་ཨེ་ཐུབ་ལ་ལྟ་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག དཔེར་ན། ང་ཚོས་ནམ་རྒྱུན་ཡིན་ཤག་ཤག་བྱེད་བཞིན་ཡོད་པའི་གནས་ཚུལ་མང་པོ་ཞིག་དངོས་གནས་བྱས་ན་རིན་ཐང་ཆེན་པོ་ཡིན་པ་ཞིག་དང་། ལྷག་པར་དུ་ནམ་རྒྱུན་ང་ཚོ་ལ་བདེ་ཐང་གི་གཟུགས་པོ་དང་སྙིང་ཉེ་བའི་དགའ་ས་ཡོད་པ་དེ་ཚོ་ཚང་མ་སྐྱིད་ཆེན་པོ་ཞིག་ཡིན་པའི་སྐོར་ལ་སོགས་པ། དེ་ཚོ་ཚང་མར་བསམ་བློ་ལྷོད་ལྷོད་བཏང་སྟེ་ང་ཚོའི་རྐྱེན་ངན་ལ་བརྟེན་ནས་སོ་སོ་ཡར་རྒྱས་ཡོང་བ་དང་། དེ་བཞིན་སློབ་གསོ་གསར་པ་ཐེབས་པའི་འབད་བརྩོན་བྱས་པ་ཡིན་ན་ང་ཚོ་ལ་ཕན་ཐོགས་ཆེན་པོ་འབྱུང་གི་རེད་དྲན་གྱི་འདུག་ཅེས་དང་། ད་དུང་ད་རེས་ཀྱི་ནད་རིམས་ཐད་ནས་ཕོ་མོའི་དབྱེ་བ་དང་མི་རིགས་ཀྱི་དབྱེ་བ། དེ་བཞིན་རྒྱུ་ནོར་དང་དབང་ཆ་ཡོད་མེད་ཀྱི་དབྱེ་བ་མེད་པ་རེད། དཔེར་ན། ཨ་རི་དང་ཨེ་ཊ་ལི། སི་པན་ལ་སོགས་ཡར་རྒྱས་ཅན་གྱི་རྒྱལ་ཁབ་མང་པོས་ཀྱང་ནད་རིམས་འདིར་གདོང་ལེན་བྱེད་པར་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་རེད། དེ་བཞིན་ཡར་རྒྱས་འགྲོ་བཞིན་པ་དང་དཔལ་འབྱོར་གྱི་ཡར་རྒྱས་ཞན་པའི་རྒྱལ་ཁབ་མང་པོ་ཞིག་ལ་དེ་བས་ཀྱང་དཀའ་ངལ་ཆེ་བ་འཕྲད་པ་ཆགས་བསྡད་ཡོད་པ་རེད། དེ་བཞིན་རྒྱལ་ཁབ་གཅིག་ལ་ནད་པ་གཅིག་མ་གཏོགས་མེད་ནའང་དེས་འཛམ་གླིང་ཡོངས་རྫོགས་ལ་ཉེན་ཁ་སྤྲོད་ཐུབ་པའི་གནས་སྟངས་དེ་འདྲ་ཡིན་དུས། ང་ཚོ་འཛམ་གླིང་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་གདོང་ལེན་དང་རྒྱལ་ཁ་ལེན་ཐུབ་པ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་དྲན་གྱི་འདུག ཅེས་གསུངས་འདུག
དེ་བཞིན་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ཛ་དྲག་ཆེ་བའི་སྐབས། ནད་པ་ཚོར་ལྟ་རྟོག་བྱེད་མཁན་གྱི་སྨན་པ་དང་། སྨན་ཞབས་པ་ལ་སོགས་པ་ཚང་མས་བློས་གཏོང་ཆེན་པོའི་སྒོ་ནས་གཡུལ་ས་ན་འཐབ་རྩོད་བྱེད་ཀྱི་ཡོད་སྟབས། དེ་ཚོ་ལ་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་བསྔགས་བརྗོད་ཡོད་པ་གསུང་འདུག་ལ་མཐའ་དོན། ནང་པ་སངས་རྒྱས་པའི་རྗེས་འཇུག་ཚང་མས་མཉམ་དུ་འཛམ་གླིང་བདེ་བ་ཡོང་བ་དང་ནད་རིམས་མྱུར་དུ་ཞི་བའི་ཆེད། བདུན་ཕྲག་འདིའི་རེས་གཟའ་སྤེན་པ་ནས་དྲ་ལམ་བརྒྱུད་ཉིན་རེར་ཆུ་ཚོད་གཅིག་རེར་ཞལ་འདོན་དང་བསྔོ་སྨོན་གསུང་རྒྱུ་ཡིན་པ་གསུངས་འདུག