ཤིན་ཅང་གི་གནས་སྟངས་ཐད་རྒྱ་ནག་གཞུང་གིས་རྫུན་བཤད་བཞིན་པ་ཡོ་རོབ་མཉམ་འབྲེལ་གྱིས་བརྗོད་འདུག

2021.03.24
ཤིན་ཅང་གི་གནས་སྟངས་ཐད་རྒྱ་ནག་གཞུང་གིས་རྫུན་བཤད་བཞིན་པ་ཡོ་རོབ་མཉམ་འབྲེལ་གྱིས་བརྗོད་འདུག ཏུར་ཀེ་(Turkey)ནང་གི་ཡུ་གུར་བ་ཚོས་རྒྱ་ནག་གཞུང་གིས་ཤིན་ཅང་ནང་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་སྐབས། ༢།༢༢།༢༠༢༡
AFP

རྒྱ་ནག་གཞུང་གིས་ཤིན་ཅང་ནང་གི་ཡུ་གུར་བའི་དཀའ་སྡུག་གནས་སྟངས་ཐད་རྫུན་བཤད་ཀྱི་ཡོད་པ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་བྱས་འདུག
རྒྱལ་སྤྱིའི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། འདི་ཚེས་༢༤རེས་གཟའ་ལྷག་པའི་ཉིན། རྒྱ་ནག་དང་ཡོ་རོབ་མཉམ་འབྲེལ་གཉིས་ཀས་ཕྱོགས་སོ་སོའི་གཞུང་ཚབ་མི་སྣ་འབོད་འགུགས་བྱས་ནས། རྒྱ་ནག་གཞུང་གིས་ཤར་ཏུར་ཀིསུ་ཐན་ནམ་ཤིན་ཅང་ནང་གི་ཡུ་གུར་ཁ་ཆེ་བའི་ཐོག་དྲག་གནོན་བྱེད་བཞིན་པའི་སྐོར་འདྲི་རྩད་བྱས་སྐབས། རྒྱ་ནག་གཞུང་གིས་ཤིན་ཅང་ནང་གི་ཡུ་གུར་བའི་དཀའ་སྡུག་གནས་སྟངས་ཐད་རྫུན་བཤད་ཀྱི་ཡོད་པ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་བརྗོད་འདུག
ད་དུང་ཧྥ་རན་སི་དང་། ཇར་མན། དེ་མིན་ཡོ་རོབ་ཀྱི་རྒྱལ་ཁབ་ཚོས་ས་གནས་རྒྱ་ནག་གི་གཞུང་ཚབ་མི་སྣ་འབོད་འགུགས་བྱས་ནས། རྒྱ་ནག་གཞུང་གིས་སོ་སོའི་མི་སེར་ལ་དྲག་གནོན་བྱས་ཐོག ད་དུང་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལྔ་དང་། ཡོ་རོབ་ཀྱི་ཞིབ་འཇུག་ལས་ཁུངས་གཉིས་ལ་དམ་དྲག་བྱས་པ་དེར་སྐྱོན་བརྗོད་གནང་འདུག
རྒྱ་ནག་གཞུང་གིས་དེ་ལྟར་བྱེད་དགོས་དོན་ནི། ཉེ་ལམ་ཡོ་རོབ་མཉམ་འབྲེལ་དང་། དབྱིན་ཡུལ། ཁེ་ཎ་ཌ་བཅས་ཀྱིས་ཤར་ཏུར་ཀིསུ་ཐན་ནང་དྲག་གནོན་དང་འབྲེལ་བ་ཡོད་པའི་ད་ཡོད་དང་། དེ་སྔའི་རྒྱ་ནག་གི་དཔོན་རིགས་བཞི་ལ་ཉེས་ཆད་བཀེལ་བར་འཁོན་ལན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག
ཨ་མི་རི་ཀས་ཀྱང་དེ་མཚུངས་ཤིན་ཅང་གི་གནས་སྟངས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་གཉིས་ལ་དེ་སྔ་ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་བདུན་པའི་ནང་ཉེས་ཆད་བཀེལ་བ་དེ་ལོ་གཉིས་རིང་ཕར་འགྱངས་བྱས་ཡོད་འདུག དེ་ནི་རྒྱ་ནག་གཞུང་གིས་ཤར་ཏུར་ཀིསུ་ཐན་དང་། ཧོང་ཧོང་། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་བཅས་ནང་དཀའ་རྙོག་བཟོ་བཞིན་པར་མཉམ་རུབ་ཀྱིས་གདོང་ལེན་བྱེད་པའི་ལས་འགུལ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་
ཡོད་འདུག
གནས་སྟངས་དེའི་འོག་ད་བར་རྒྱ་ནག་དང་ཡོ་རོབ་མཉམ་འབྲེལ་བར་འབྲེལ་ལམ་འགྲིག་ངེས་ཡོད་པ་དེ་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ཡོ་རོབ་མཉམ་འབྲེལ་དང་ཨ་མི་རི་ཀའི་སྲིད་གཞུང་གསར་པའི་འབྲེལ་ལམ་ཐད་བསྐྱར་གསོའི་རྣམ་པ་ཡོད་པ་དང་འབྲེལ་བ་ཡོད་ལུགས་གནས་ཚུལ་སྤེལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎