ཨ་རི་དང་རྒྱ་གར་གྱི་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་རྣམ་པ་མཇལ་འཕྲད་ནི། རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས་ལ་དམིགས་ཡོད་པར། རྒྱ་གར་གྱི་སྲིད་དོན་ཉམས་ཞིབ་པ་ཚོས་ངོས་འཛིན་གནང་།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་Antony་Blinken་ལགས་དང་བདེ་སྲུང་དྲུང་ཆེ་Lloyd་Austinལགས་རྣམ་གཉིས་རྒྱ་གར་ནང་ཕེབས་ཏེ། སྤྱི་ཟླ་༡༡པའི་ཚེས་༡༠ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་Jaishankarལགས་དང་། བདེ་སྲུང་བློན་ཆེན་Rajnath་Singhལགས་བཅས། རྒྱལ་ཁབ་གཉིས་ཀའི་བློན་ཆེན་རིམ་པ་གཉིས་རེ་ཕན་ཚུན་བར། དམིགས་བསལ་ཧིན་དུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཛ་དྲག་མཉམ་རུབ་གནང་དགོས་པའི་སྐོར་དང་། ནུབ་ཨེ་ཤེ་ཡའི་མངའ་ཁུལ་དུ་རྙོག་ཟིང་འབྱུང་བཞིན་པར་བློ་འཚབ་ཆེན་པོ་ཡོད་མུར། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་དང་སྲུང་སྐྱོབ་ཐད་མཉམ་འབྲེལ་གནང་སྒོའི་ཐོག་བཀའ་མོལ་གྲོས་བསྡུར་གནང་ཡོད་ཅིང་། རྒྱ་གར་དང་རྒྱ་ནག་སྐོར་སྲིད་དོན་ཉམས་ཞིབ་པ་Suyash་Desaལགས་ནས། ད་ལན་རྒྱ་གར་དང་ཨ་མི་རི་ཀའི་ཕྱི་འབྲེལ་དང་བདེ་སྲུང་བློན་ཆེན་རྣམ་པ་མཇལ་མོལ་གྱི་དམིགས་ས་གཙོ་བོ་ནི། རྒྱ་གར་ཧིན་དུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས་ཀྱི་གལ་གནད་ལ་དམིགས་ཡོད་པར་ངོས་འཛིན་གནང་གི་འདུག
རྒྱ་གར་དང་ཨ་མི་རི་ཀའི་གཉིས་སྣོན་རྟགས་གཉིས་སུ་འབོད་པའི་བློན་ཆེན་རྣམ་པ་བཞི་མཇལ་འཕྲད་ནི །སྒྲིག་འཛུགས་ཀྱི་ངོ་བོའི་ལམ་ནས་དུས་ཚོད་ངེས་ཅན་གྱི་ནང་ནམ་རྒྱུན་མཇལ་མོལ་ཡོང་བཞིན་པ་དེ། རྒྱལ་ཁབ་གཉིས་ཀའི་ཧིན་དུ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་འཆར་གཞིའི་དགོས་མཁོ་དང་འབྲེལ་བའི་འགྱུར་བ་ཆེན་པོ་ཞིག་དང་། འཆར་གཞི་དེའི་ཆ་ཤས་གཅིག་ནི་མངའ་ཁུལ་དེར་རྒྱ་ནག་གི་ཤུགས་རྐྱེན་འགོག་རྒྱུའི་གལ་གནད་ལ་དམིགས་ཡོད་པས། མཇལ་འཕྲད་འདིར་རྒྱལ་ཡོངས་བདེ་འཇགས་དང་ཕྱི་འབྲེལ་ལས་དོན་གང་གི་ཐོག་ནས་ཀྱང་རྒྱ་ནག་ལ་དམིགས་ནས་གནད་དོན་མང་པོ་གྲོས་བསྡུར་གནང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཡང་རྒྱ་གར་གྱི་དམག་སྤྱི་ཟུར་པ་ P Ravi Shankar ལགས་ནས་ཨི་ཟི་རལ་དང་ཧ་མ་སི་གཉིས་ཀྱི་བར་དམག་འཁྲུག་འགྲོ་བཞིན་པའི་གནད་དོན་དང་། ལྷག་པར་ཐེ་ཝན་གྱི་ཐོག་དམག་འཁྲུག་ལངས་ཚེ་རྒྱ་གར་གྱིས་རྒྱབ་རོགས་ཡོང་ཐབས་སོགས་ཀྱི་སྐོར་ལ་མཇལ་འཕྲད་གྲོས་བསྡུར་འདི་གལ་ཆེན་ཆགས་ཡོད་པ་དང་། རྒྱ་གར་དང་ཨ་མི་རི་ཀའི་འབྲེལ་ལམ་ཐག་ཉེར་གྱུར་པ་དེས་རྒྱ་ནག་ལ་སེམས་འཚབ་ལངས་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག རྒྱ་གར་དང་ཨ་མི་རི་ཀའི་འབྲེལ་ལམ་ཐག་ཉེར་གྱུར་པ་ནས་བཟུང་། རྒྱ་ནག་སེམས་ཁྲལ་ལངས་བཞིན་པའི་མངོན་རྟགས་ཤར་ཡོད་པ་མ་ཟད། རྒྱ་ནག་དང་རྒྱ་གར་གྱི་འབྲེལ་བ་ཡག་པོ་མེད་པས་རྒྱ་ནག་རང་བཞིན་གྱིས་སེམས་འཚབ་ཡོང་ངེས་དང་། རྒྱ་ནག་གི་མཐའ་འཁོར་ན་དམག་ཤུགས་དང་དཔལ་འབྱོར་གང་གི་ཆ་ནས་ཀྱང་རྒྱ་གར་ཁོ་ནས་རྒྱ་ནག་ལ་གདོང་ལེན་གནང་ཐུབ་ཀྱི་ཡོད་སྟབས། རྒྱ་ནག་ལ་སེམས་ཁྲལ་ཡོང་གི་ཡོད་པ་འགྲེལ་བརྗོད་གནང་སོང་ལ།
ཡང་རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པ་དང་དམག་སྤྱི་ཟུར་པ་Vinayak Bhattལགས་ནས་ཀྱང་། མཇལ་མོལ་འདི་བརྒྱུད་ནས་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་རྒྱ་ནག་འགོག་ཐབས་སྐོར་མ་ཟད། ཧིན་དུ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཨ་རིའི་མཚོ་དམག་འགྲེམ་གཏོང་གི་རང་དབང་ཇེ་ཆེར་བཏང་ཐུབ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག ཨ་མི་རི་ཀའི་རོགས་རམ་དང་ཆེད་མཁས་ལ་བརྟེན་ནས་རྒྱ་གར་གྱི་མཚོ་གྲུའི་གནས་སྟངས་ཡར་རྒྱས་བཏང་སྟེ། ཨེ་ཤེ་ཡའི་མངའ་ཁུལ་གྱི་མཚོ་དམག་སྤྱི་དང་ཁྱད་པར་རྒྱ་ནག་གི་མཚོ་དམག་དང་འགྲན་ཐུབ་པ་བཟོ་རྒྱུ་ཡིན་ཁར། རྒྱ་གར་དང་བོད་ཀྱི་ས་མཚམས་གནས་ཚུལ་གོ་བསྡུར་བྱ་འོས་པ་དང་། ཨ་མི་རི་ཀར་མཚོན་ནའང་རྒྱ་གར་དུ་མཚོ་དམག་གི་མཐུན་རྐྱེན་གོ་སྒྲིག་གནང་ཐུབ་ན། ཁོ་ཚོའི་མཚོ་དམག་རྣམས་ཧིན་དུ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དུ་འགྲེམ་གཏོང་གི་རང་དབང་ཇེ་ཆེར་འགྲོ་ངེས་ཡིན་པ་འགྲེལ་བརྗོད་གནང་སོང་།
རྒྱ་གར་སྲིད་བློན་ནཱརེན་ཏི་རཱ་མོ་ཏི་མཆོག་ནས་ཀྱང་གསུང་འཕྲིན་ཐུང་ངུ་ཞིག་གནང་བའི་ནང་། རྒྱ་གར་དང་ཨ་མི་རི་ཀ་གཉིས་ཀས་གཅིག་གྱུར་གྱིས་མང་གཙོ་དང་སྣ་འཛོམས།ཁྲིམས་ཀྱི་དབང་སྒྱུར་བཅས་ལ་ཡིད་ཆེས་གནང་གི་ཡོད་པ་དེས། ཕྱོགས་མང་པོར་ཕན་ཚུན་མཉམ་ལས་ཀྱི་ཕན་ཐོགས་འབྱུང་ངེས་ཀྱི་ཐོག། རྒྱ་གར་དང་ཨ་མི་རི་ཀ་ཕྱག་སྦྲེལ་གནང་བ་དེས་འཛམ་གླིང་སྤྱི་ལའང་ཕན་ཐོགས་ཡོད་པ་འཁོད་ཡོད་ཅིང་། ལོ་འཁོར་གཅིག་རེའི་རྒྱལ་ཁབ་གཉིས་ཀྱི་བློན་ཆེན་རྣམ་པ་མཇལ་འཕྲད་ཐེངས་༥པའི་མཐའ་བསྡོམས་གསལ་བསྒྲགས་ཤིག་ཕྱོགས་གཉིས་ནས་མཉམ་འབྲེལ་གྱིས་སྤེལ་བའི་ནང་། གཙོ་བོ་སྲུང་སྐྱོབ་ཡར་རྒྱས་དང་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་གྱི་ཁྲིམས་གཞི་ལག་བསྟར། ཚན་རིག་དང་འཕྲུལ་ལས་ཡར་རྒྱས་དང་འཕྲོད་བསྟེན་དང་ཚོང་གི་གྲོས་མོལ། མི་མང་ཕན་ཚུན་འབྲེལ་ལམ་ཡར་རྒྱས་སོགས་ཀྱི་ཐད་མཉམ་རུབ་གནང་འཆར་འཁོད་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།