བོད་རིགས་གཞོན་སྐྱེས་ཚོས་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་ཐུབ་རྒྱུར་འབད་བརྩོན་དགོས་སྐོར། ༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་གསུངས་པ།
ཟླ་བ་འདིའི་ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་མཉམ་སྦྲེལ་གྱིས། བོད་ཀྱི་གཞོན་ནུའི་འགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༡ པ་དབུ་འཛུགས་ཀྱི་མཛད་སྒོ་འཚོགས་སོང་བ་དེའི་ཐོག སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས། ད་ལྟའི་བོད་ནང་གནས་སྟངས་ཛ་དྲག་ཆེ་བའི་དུས་སྐབས་སུ། བོད་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སྙིང་བཅངས་ཀྱིས། བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེ་ཡིན་པས། དེ་ལྟར་བྱས་ཚེ་བོད་མི་ཙམ་དུ་མ་ཟད་འཛམ་གླིང་སྤྱི་ཁྱོན་ཡོངས་སུ་ཕན་ཐོགས་བྱུང་ངེས་ཡིན་པ་དང་། བོད་པའི་གཞོན་སྐྱེས་ཚོས་མ་འོངས་བོད་སྤྱི་པའི་རྩ་དོན་ཐོག་འགན་འཁུར་གྱིས་བོད་མི་རྣམས་འགོ་ཁྲིད་ཐུབ་པ་ཞིག་དང་སྤྱི་ཚོགས་སུ་ལེགས་སྐྱེས་ཕུལ་ཐུབ་རྒྱུར་འབད་བརྩོན་དགོས་པའི་ལམ་སྟོན་གནང་སོང་།

ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲིས་དར་རྒྱས་ལགས་ནས། ཉིན་ལྔའི་རིང་བོད་ཀྱི་གཞོན་ནུའི་འགོ་ཁྲིད་ཟབ་སྦྱོང་དེའི་ནང་། རྒྱ་གར་ལྷོ་བྱང་ས་ཁུལ་འདྲ་མིན་དུ་རྟེན་གཞི་བྱས་པའི་རྒྱ་གར་མཐོ་སློབ་ཁག་བརྒྱད་ཙམ་ཞིག་ནང་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་ཕོ་མོ་ ༣༠ ཙམ་ནས་མཉམ་ཞུགས་ཀྱིས། ཁོང་རྣམས་ལ་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་ཟབ་འཁྲིད་གནང་རྒྱུ་ཡིན་སྐོར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་བོད་རིགས་གཞོན་སྐྱེས་འགོ་ཁྲིད་ཀྱི་ཟབ་སྦྱོང་དེའི་དབུ་འབྱེད་མཛད་་སྒོར་གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་། ཕྱོགས་བཞུགས་སྤྱི་འཐུས་ཁག་ཅིག སྦེ་ལ་ཀོ་པི་གཞིས་ཁུངས་གཉིས་ཀྱི་ས་གནས་འགོ་འཛིན་གཙོས་པའི་ཚོགས་སྡེ་ཁག་གི་ལས་ཀྱི་སྣེ་མོ་བ་མི་ཉུང་བ་ཞིག་ནས་ལྷན་བཞུགས་གནང་ཡོད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།