མགོ་ལོག་དར་ལག་རྫོང་གི་བོད་མི་གཉིས་ནས་རྒྱ་ཡིག་སློབ་ཁྲིད་ལ་ངོ་རྒོལ་བྱས་སྐོར་གྱི་ཉེས་མིང་འོག་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་འདུག

2021.08.27
མགོ་ལོག་དར་ལག་རྫོང་གི་བོད་མི་གཉིས་ནས་རྒྱ་ཡིག་སློབ་ཁྲིད་ལ་ངོ་རྒོལ་བྱས་སྐོར་གྱི་ཉེས་མིང་འོག་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་འདུག རྒྱ་ནག་ཉེན་རྟོག་པས་རྒྱ་ཡིག་སློབ་ཁྲིད་ལ་ངོ་རྒོལ་བྱས་སྐོར་གྱི་ཉེས་མིང་འོག་འཛིན་བཟུང་བྱས་པའི་བོད་མི་གཉིས་ནི། དར་ལག་རྫོང་སློབ་འབྲིང་གི་སློབ་མ་ཡིན་པ་།
Tibet Times

ཕྱི་ཟླ་༨ཚེས་༢༤ཉིན་གྱི་ཕྱི་དྲོ་ཙམ་ལ་རྒྱ་ནག་གཞུང་ཉེན་རྟོག་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་ནས་ཡིན་པ། བོད་མི་གཞོན་སྐྱེས་མགུལ་གྲགས་དང་དབྱངས་རིས་གཉིས་ནས་རྒྱ་ནག་གཞུང་གིས་འདི་ལོའི་སློབ་མགོ་ཚུགས་པ་དང་བསྟུན། སློབ་གྲྭ་ཁག་གི་བསླབ་གཞི་ཚང་མ་རྒྱ་ཡིག་ནང་བསྒྱུར་དགོས་པའི་བཀོད་ཁྱབ་ལ་ངོ་རྒོལ་བྱས་སྐོར་གྱི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་ཀྱིས་ད་བར་ཉིན་གྲངས་ཁ་ཤས་འགྲོ་བཞིན་ཡོད་ཀྱང་། དར་ལག་རྫོང་ཉེན་རྟོག་ཁང་དུ་མུ་མཐུད་བཀག་ཉར་འོག་བཞག་ཡོད་སྐོར། འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། བོད་མི་དེ་གཉིས་འཛིན་བཟུང་བྱེད་དོན་གཙོ་བོ་འདི་ལོའི་ཕྱི་ཟླ་༩ནང་སློབ་མགོ་ཚུགས་ལ་ཉེ་བ་དང་བསྟུན། ས་ཁུལ་དེའི་སློབ་གྲྭ་ཁག་ནང་རྒྱ་ནག་གཞུང་གིས་སློབ་ཚན་ཚང་མ་རྒྱ་ཡིག་ནང་ཁྲིད་རྒྱུ་ཡིན་པའི་བཀོད་ཁྱབ་བཏང་བར། གོང་ཞུས་བོད་མི་གཉིས་ནས་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་སློབ་གྲྭ་ཁག་གི་བསླབ་གཞི་ཚང་མ་རྒྱ་ཡིག་ནང་སྒྱུར་བ་ཡིན་ན། མ་འོངས་པར་བོད་མི་ཚོར་དཀའ་ངལ་འཕྲད་རྒྱུ་དང་ཁ་བརྒྱབ་སོགས་སོས་དཀའ་རྒྱུ་ཡིན་པའི་སྐད་ཆ་བཤད་པས་རྐྱེན་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོག་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་དར་ལག་རྫོང་གི་སློབ་གྲྭ་ཁག་ནང་། འདི་ལོའི་སློབ་མགོ་གསར་བ་ཚུགས་སྐབས་ཕ་མ་ཚོས་བུ་ཕྲུག་ཚོ་ཁྲིད་ནས་ཏོག་དབྱིབས་གཉན་རིམས་ཀྱི་བརྟག་དཔྱད་དང་། དེ་སྔ་འགྲེམས་སྤེལ་བྱས་ཡོད་པའི་བོད་ཡིག་སློབ་དེབ་ཁག་གི་ཚབ་ཏུ་རྒྱ་ཡིག་སློབ་དེབ་རྩིས་ལེན་དགོས་པའི་བཀོད་ཁྱབ་གཏོང་བཞིན་ཡོད་པ་དང་། ད་ལྟའི་ཆར་ས་གནས་ཡུལ་མི་ཚོས་གནད་དོན་དེར་མི་དགའ་བའི་རྣམ་འགྱུར་སྟོན་བཞིན་ཡོད་པ་མ་ཟད། དེ་མིན་བོད་མི་རེ་གཉིས་འཛིན་བཟུང་བྱས་ཡོད་པའི་དོགས་གཞི་སོགས་བྱེད་བཞིན་ཡོད་ཀྱང་། ཞིབ་ཕྲའི་གནས་ཚུལ་རྙེད་སོན་བྱུང་མ་སོང་ལ། ཐེངས་འདིར་རྒྱ་ནག་ཉེན་རྟོག་པས་རྒྱ་ཡིག་སློབ་ཁྲིད་ལ་ངོ་རྒོལ་བྱས་སྐོར་གྱི་ཉེས་མིང་འོག་འཛིན་བཟུང་བྱས་པའི་བོད་མི་གཉིས་ནི། དར་ལག་རྫོང་སློབ་འབྲིང་གི་སློབ་མ་གཉིས་ཡིན་པ་མ་ཟད། འདི་ལོ་ལོ་ན་༡༩ནང་ཡོད་པ་དང་ཁོང་གཉིས་ནི་ཕ་མ་སྤུན་མཆེད་ཀྱི་གཉེན་ཉེ་འབྲེལ་ཡིན་འདུག

book-tibet-27aug2021-REVISED.jpg
འདི་ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཁུལ་ཁྱོན་ཡོངས་སུ་སློབ་གྲྭ་ཁག་ནང་རྒྱ་ཡིག་དང་རྒྱ་སྐད་བེད་སྤྱོད་དགོས་པའི་སྲིད་བྱུས་རིམ་པར་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ལོ་༢༠༢༠ལོར་རྒྱ་ནག་དམར་ཤོག་ཚོགས་པས་བོད་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་འབྲེལ་ནས། མཚོ་སྔོན་ཞིང་ཆེན་དང་མགོ་ལོག་ཁུལ་གཉིས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུའི་དགོང་ས་དོན་སྒྲོག་སྦྱོང་ལག་དེབ་ཟེར་བའི་དཔེ་དེབ་ཅིག་ཧ་ཅང་གསང་རྒྱུའི་ངང་འགྲེམས་སྤེལ་བྱས་ཡོད་པ་ལག་སོན་བྱུང་བ་དང་། འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་དཔེ་དེབ་དེ་བཞིན་འདི་ལོའི་སློབ་མགོ་ཚུགས་པ་ནས་སློབ་ཁྲིད་ཀྱི་དགོངས་དོན་ལྟ་བུ་ཡིན་པ་དང་། སློབ་ཚན་ཚང་མ་དེ་ནང་བཞིན་ཁྲིད་དགོས་པའི་བཀོད་ཁྱབ་བཏང་ཡོད་སྐོར་བརྗོད་སོང་།
གོང་ཞུས་དཔེ་དེབ་དེའི་ནང་ད་བར་བོད་དོན་དེ་རྙོག་ཟིང་ཆེན་པོ་ཡོད་དོན། ཕྱི་ཕྱོགས་ཀྱི་ཁ་བྲལ་བ་ཚོས་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ལྟ་བ། མི་རིགས་ཀྱི་ལྟ་བ།རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཉོག་པོར་བཟོས་པས་རྐྱེན་ཡིན་སྟབས། མདུང་རྩེ་ཁ་སྤྲོད་ཀྱིས་བོད་ཁུལ་གྱི་སློབ་གྲྭ་ཁག་གི་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་དང། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་སློབ་གསོའི་བརྒྱུད་རིམ་ཧྲིལ་བོའི་ནང་ཁྱབ་པར་བྱས་ཏེ། ལོ་ཆུང་ཚོ་ཆུང་དུས་ནས་རྒྱ་ནག་ལ་དགའ་ཞེན་ཡོད་པའི་སློབ་གསོ་གཏིང་ཟབ་སྤེལ་དགོས་སྐོར་སོགས་བཀོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎