བོད་དོན་རྒྱབ་སྐྱོར་ཚོགས་ཆེན་མཇུག་སྒྲིལ་བ་དང་སྤྱི་བསྒྲགས།


2016.09.12
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་མཇུག་སྒྲིལ་སྐབས། ༢༠༡༦།༩།༡༡ རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་མཇུག་སྒྲིལ་སྐབས། ༢༠༡༦།༩།༡༡
tibet.net

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ནས་བོད་ཀྱི་རང་དབང་འཐབ་རྩོད་ཐོག་རྒྱབ་སྐྱོར་ཐ་གཅིག་ཏུ་གནང་རྒྱུ་ཡིན་པ།
འདི་ཚེས་༡༡་བར་གྱི་ཉིན་གྲངས་བཞིའི་རིང་ཡོ་རོབ་ཀྱི་རྒྱལ་ཁབ་སྦེལ་ཇེམ་Belgium་གྱི་རྒྱལ་ས་ Brussels་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་ཆེན་ཐེངས་བདུན་པ་ཚོགས་ཡོད་པ་དང་། ཚོགས་ཆེན་མཇུག་ཡོངས་ཁྱབ་དུ་སྤེལ་གནང་བའི་སྤྱི་བསྒྲགས་ནང་། སྔོན་གླེང་དུ་ལྷན་ཚོགས་དེ་གོ་བསྒྲིགས་གནང་མཁན་གྱི་ཚོགས་པ་ཁག་
དང་། དེར་རྒྱལ་ཁབ་གྲངས་༥༠་ལྷག་གི་སྐུ་ཚབ་འཐུས་མི་ཕེབས་ཡོད་སྐོར། བོད་ནང་
རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་འཛིན་བཞིན་ཡོད་པ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཇི་གནང་སོགས་བཀོད་གནང་ཡོད་འདུག
དེ་བཞིན་སྤྱི་བསྒྲགས་དེའི་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ནས་བོད་ཀྱི་རང་དབང་འཐབ་རྩོད་ཐོག་རྒྱབ་སྐྱོར་ཐ་གཅིག་ཏུ་གནང་རྒྱུ་ཡིན་པའི་ནན་བརྗོད་གནང་བ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་མ་འོངས་པར་དངོས་སུ་ལག་ལེན་འགེལ་དགོས་སྐོར་དོན་ཚན་བཞི་ཅན་ཞིག་བཀོད་བའི་ནང་། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་ཕྱོགས་དང་། བདེན་པ་བསྐྱར་ལེན་གནང་རྒྱུ་ཞེས་དང་རྒྱ་མི་རིགས་ལ་འབྲེལ་བ་གནང་ཕྱོགས་དེ་རྒྱ་བསྐྱེད་གཏོང་རྒྱུ། བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་ལས་དོན་སྤེལ་ཕྱོགས་བཅས་ལས་དོན་སྤེལ་ཕྱོགས་བཀོད་གནང་ཡོད་འདུག
ད་ཐེངས་ཀྱི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལྷན་ཚོགས་དེར་ཕྱི་རྒྱལ་གྱི་བོད་དོན་རྒྱབ་སྐྱོར་གནང་མཁན་མི་སྣའི་ཁོངས་སུ་་ཡོ་རོབ་སྤྱི་མཐུན་གྲོས་ཚོགས་འཐུས་མི་སྐུ་ཞབས་Thomas Mann་དང་། Cristian Dan Preda, སྦེལ་ཇེམ་Belgium་གྱི་Flemish་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་Jan Peumans་ཡོ་རོབ་སྤྱི་མཐུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་སྐུ་ཞབས་Henri Malosse་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་Richard Gere་ད་དུང་རྒྱ་རིགས་ཁྲིམས་རྩོད་པ་དང་། མཁས་དབང་། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སོགས་མཉམ་ཞུགས་གནང་ཡོད་འདུག།        

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎