མེ་གྷ་ལ་ཡར་བོད་དོན་ཞུ་གཏུགས།


2013.05.29
བོད་མི་མང་སྤྱི་འཐུས་གསུམ་ནས་རྒྱ་གར་བྱང་ཤར་ཁུལ་བོད་དོན་ཞུ་གཏུགས་ཆེད་ཕྱོགས་བསྐྱོད།
ཤར་གླིང་ཟླ་སྒྲོན།

༄༅།།བྱང་ཤར་ཁུལ་གྱི་བོད་དོན་ཞུ་གཏུག་ལས་འགུལ་མཐའ་མའམ་མངའ་སྡེ་བརྒྱད་པ་མེ་གྷ་ལ་ཡའི་རྒྱལ་ས་ཤི་ལོང་དུ་་ཕྱི་ཚེས་༢༧ ཉིན་གསར་འགོད་ལྷན་ཚོགས་གནང་བ་དང་འབྲེལ་མཇུག་བསྒྲིལ་ཞུས་འདུག  མེ་གྷ་ལ་ཡའི་ཞུ་གཏུག་ལས་འགུལ་དེ་བཞིན་ཚེས་ ༢༣ཉིན་ས་གནས་སུ་གཉུག་མར་གནས་མཁན་བོད་མི་ ༡༥༠དང་སྤྱི་འཐུས་གསུམ་བཅས་ནས་མར་མེའི་ཁྲོམ་སྐོར་ཞུས་པ་དང་འབྲེལ་འགོ་འཛུགས་ཞུས་འདུག
ཉིན་ལྔའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་པ་གསུམ་ནས་མངའ་སྡེ་དེའི་དབུ་ཁྲིད་ཁག་དང་།སྲིད་དོན་ཚོགས་པ་ཁག་གི་གཙོ་འཛིན།གཞུང་ཞབས་དང་གནད་ཡོད་མི་སྣ་ལ་སོགས་མཇལ་འཕྲད་ཞུས་ཏེ་བོད་དོན་ཞུ་གཏུག་གནང་འདུག
ཕྱི་ཚེས་ ༢༤ ཉིན་སྐུ་ཚབ་རྣམ་པ་ནས་མངའ་སྡེ་དེའི་སྲིད་སྐྱོང་སྐུ་ཞབས་རན་ཇིད་ཤེ་ཁར་མུ་ཤཱ་ཧ་རི་(Shri.Ranjit Shekhar Mooshahary)མཆོག་མཇལ་འཕྲད་ཞུས་ནས་བོད་དོན་ཞུ་གཏུག་བགྱིས་པའི་རྗེས་སུ་སྲིད་སྐྱོང་མཆོག་ནས་སེམས་ཤུགས་མ་ཆག་པར་རེ་བ་མུ་མཐུད་ནས་རྒྱུན་གནས་ཐུབ་པ་དགོས་རྒྱུ་དང་།་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་རྣམས་སེམས་ཤུགས་དང་སྡུག་དཀའ་ལས་བརྒྱབས་པ་རྣམས་ཁོང་རང་ནས་མཁྱེན་ཚོར་ཡོད་པས་དེར་བསྔགས་བརྗོད་ཡོད་བཅས་གསུངས་འདུག
སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་རོ་ཝལ་ལིང་ཌོ་(Shri.Rowell་Lingdo)མཆོག་ནས་སྐུ་ཚབ་རྣམ་པར་སྣེ་བསུ་ཟབ་རྒྱས་དང་འབྲེལ་སྤྱི་ཁྱབ་བློན་ཆེན་མཆོག་ས་གནས་སུ་བཞུགས་མེད་པ་དེས་བཟོད་གསོལ་ཞུ་རྒྱུ་ཡིན་གནས་དང་།
རྒྱ་ནག་གཞུང་གིས་དྲག་གནོན་སྲིད་བྱུས་དེ་བཞིན་འགྲིགས་ཀྱི་མེད་པ་དང་། བོད་མི་མང་གི་མངོན་འདོད་ཁག་ལ་གུས་བརྩི་ཞུས་པའི་ཐོག་ནས་དང་ལེན་ཞུ་དགོས་སྐོར་དང་།་བོད་དོན་དཀའ་རྙོག་སེལ་ཐབས་སུ་བོད་པའི་སྐུ་ཚབ་ཀྱི་མཉམ་དུ་བཀའ་མོལ་གནང་དགོས་རྒྱུ་གལ་ཆེ་ཡིན་གནས་གསུངས་འདུག མངའ་སྡེའི་གྲོས་ཚོགས་ཚོགས་གཞོན་སྐུ་ཞབས་སན་བོར་ཤུ་ལའི་ (Shri Sanbor Shullai) མཆོག་མཇལ་བའི་སྐབས་ཁོང་ནས་གསུངས་གསལ་དུ་ག་དུས་ཡིན་ནའང་བོད་དོན་ཐོག་རྒྱབ་སྐྱོར་ཡོད་གནས་དང་།་རྒྱ་གར་གཞུང་ནས་བོད་དོན་དཀའ་རྙོག་སེལ་ཐབས་སུ་དམིགས་བསལ་ཐུགས་ཁུར་བཞེས་པའི་ཐོག་རྒྱ་ནག་གཞུང་དང་བཀའ་མོལ་གནང་དགོས་སྐོར།་བོད་ཀྱི་དཀའ་རྙོག་སེལ་བ་ཡིན་ན་རྒྱ་གར་རྒྱལ་ཁབ་ལའང་ཁེ་ཕན་ཡོད་སྐོར་གསུངས་འདུག ཁོང་ནི་ཨེན་སི་པིའི་མངའ་སྡེའི་ཚོགས་གཙོ་ (State President of National Congress Party ) ཡང་ཡིན་འདུག
སྐུ་ཚབ་རྣམ་པས་མངའ་སྡེའི་འཕྲོད་བསྟེན་དང་འགྲུལ་བཞུད་བློན་ཆེན་སྐུ་ཞབས་(Shri A.L. Hek, Minister for Health, Transport and IT )མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ (Shri James Sangma -MLA, Chief Whip of Opposition and General Secretary of National People’s Party) དང་། སྐུ་ཞབས་ (Shri Jemino Mawthoh -MLA and President of United Democratic Party) ཨེན་པི་པི་ཚོགས་པའི་ཚོགས་གཙོ་ (Dr. W.R. Kharlukhi President of NPP) བློན་ཆེན་ཟུར་པ་དང་ཀོང་རེ་སི་གྲངས་ཉུང་མི་རིགས་སྡེ་ཚན་གྱི་ཚོགས་གཙོ་སྐུ་ཞབས་ས་ཡིད་ (Shri. Sayeedullah Nongrum- former Minister and present President of Congress Minorities Cell )མཆོག་བཅས་མཇལ་འཕྲད་ཞུས་འདུག
ཚང་མས་མགྲིན་དབྱངས་གཅིག་གྱུར་ཐོག་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་སླེབས་ཚེ་རྒྱབ་སྐྱོར་གཙང་མ་གནང་རྒྱུ་ཡིན་གནས་གསུངས་འདུག མཇལ་འཕྲད་ཞུས་མ་ཐུབ་པའི་བློན་ཆེན་དང་གྲོས་ཚོགས་འཐུས་མི་གྲངས་ ༥༧ སོ་སོར་ཡིག་ཐོག་ཏུ་ཞུ་སྙན་འབུལ་བརྒྱུད་ཞུས་འདུག
བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་དང་པོ་དེ་བཞིན་ནུབ་བྷེང་གོལ་དང།ཨོ་ཌི་ཤཱ། ཆ་ཏིས་སྒར། ཇར་ཁནྜ་བཅས་ཡིན་པ་དང།ཞུ་གཏུག་ཐེངས་གཉིས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་སྤྱི་འཐུས་པདྨ་འབྱུང་གནས་དང།སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར།སྤྱི་འཐུས་ཟླ་སྒྲོན་ཤར་གླིང་བཅས་ནས་སི་ཀེམ་མངའ་སྡེ་དང་། ཨ་སམ།ཨ་རུ་ན་ཅལ་དང་། མེ་གྷ་ལ་ཡ་བཅས་མངའ་སྡེ་བརྒྱད་ལ་སྐོར་བསྐྱོད་གནང་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎