གཞོན་ནུ་ལྷན་ཚོགས་ཀྱིས་སྐྱེ་རྒུ་མདོར་རོགས་སྐྱོར་གཏོང་འཆར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྐྱེ་རྒུ་མདོར་རོགས་སྐྱོར་ཆེད་གཏོང་གནང་རྒྱུའི་ཐུགས་རེ་དང་དཔལ་འབྱོར་གྱི་ཞལ་འདེབས་བསྡུ་རུབ་གནང་རྒྱུ།

2010.04.18

༄༅༎ཟླ་བ་འདིའི་ཕྱི་ཚེས་༡༧ཉིན་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྐྱེ་རྒུ་མདོའི་རང་འབྱུང་གནོད་འཚེར་ཛ་དྲག་གི་རོགས་སྐྱོར་ཆེད་གཏོང་གནང་རྒྱུའི་ཐུགས་རེ་དང་དཔལ་འབྱོར་གྱི་ཞལ་འདེབས་བསྡུ་རུབ་གནང་རྒྱུའི་གསལ་བསྒྲགས་ཞིག་འགྲེམས་སྤེལ་གནང་ཡོད་པ་རེད།

གསལ་བསྒྲགས་དེའི་ནང་དོན་གཙོ་བོ་ནི། ས་ཡོམ་གྱི་གོད་ཆགས་དེའི་ནང་དུ་མི་ཤི་རྨས་ཀྱི་གྲངས་ཀ་དང་རོགས་སྐྱོར་བྱེད་ཚུལ་གནས་སྟངས་རྒྱ་ནག་གཞུང་གིས་ཤོད་བཞིན་པ་དང་ས་གནས་ཡུལ་མི་ཚོས་ཤོད་བཞིན་པའི་བར་ལ་མི་མཐུན་པ་ཁྱད་པར་ཆེན་པོ་ཡོད་པའི་ཁར། ཁང་པ་ཞིག་རོའི་འོག་དུ་ལུས་པ་ཚོར་མྱུར་སྐྱོབ་མ་ཐུབ་པའི་དཀའ་ངལ་ཆེན་པོ་ལྷུང་སྟེ་མི་ཤི་བའི་གྲངས་ཀ་ཇེ་མང་དུ་འགྲོ་བ་མ་ཟད། ཤུལ་ལུས་མི་དམངས་ཚོར་ཟ་བཅའ་དང་གྱོན་གོས། སྡོད་གུར་སོགས་འདང་ངེས་མེད་པའི་དཀའ་ངལ་འོག་ནས་འདས་གྲོངས་སུ་འགྲོ་བའི་ཡིད་སྐྱོའི་གནས་ཚུལ་ཐོན་བཞིན་ཡོད་པ་རེད་ཅེས་དང༌། རྒྱལ་སྤྱིའི་ཚད་ལྡན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུའང། སྨན་པ་དང་རོགས་སྐྱོབ་ཀྱི་མཐུན་རྐྱེན་འདང་ངེས་མེད་པའི་དཀའ་ངལ་འོག་རྨས་མ་རྣམས་ཧ་ཅང་གི་ཉེན་ཁ་དང་དཀའ་ཚེགས་ཆེ་བའི་གནས་སུ་ལུས་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་དང༌། ལྷག་པར་དུ་ཤུལ་ལུས་མི་དམངས་ཚོར་སྡོད་ཁང་དང༌། སློབ་གྲ་ དགོན་སྡེ་གྲ་ཚང་སོགས་འཚོ་གནས་སླར་གསོ་བྱ་རྒྱུར་དུས་ཚོད་དང་འགྲོ་གྲོན་ཤུགས་ཆེ་གཏོང་དགོས་པའི་དཀའ་ངལ་གྱི་གནས་སྟངས་ཇེ་གསལ་དུ་འགྲོ་བར་བརྟེན་ནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས། འདས་གྲོངས་སུ་ཕྱིན་པ་ཚོའི་ཆེད་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་སྨོན་སྐྱབས་འཇུག་ཞུ་རྒྱུ་དང༌། ས་གནས་ཁག་ཏུ་ཡོད་པའི་ཡན་ལག་ཚོགས་པ་ཁག་ལ། ཟླ་བ་འདིའི་ཕྱི་ཚེས་༢༠ རེས་གཟའ་མིག་དམར་ཉིན་ས་གནས་གཞོན་ནུ་ཡོངས་ནས་བདུན་ཚིག་དང་པོའི་མཆོད་འབུལ་དང་སྨོན་ལམ་འདོན་རྒྱུའི་ཆོས་ཕྱོགས་ཀྱི་བྱེད་སྒོ་གོ་སྒྲིག་བྱེད་པ་དང་སྟབས་བསྟུན་ཤུལ་ལུས་མི་དམངས་ཚོའི་འཚོ་གནས་ཆེད་དུ་དཔལ་འབྱོར་ཞལ་འདེབས་བསྡུ་རུབ་བྱ་རྒྱུ་མ་ཟད།

།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཛ་དྲག་མྱུར་སྐྱོབ་ཚོགས་ཆུང་ཞིག་གང་མགྱོགས་སྐྱེ་རྒུ་མདོར་ཆེད་གཏོང་འབད་བརྩོན་ཞུ་རྒྱུ་དང༌། དེ་ལྟ་མ་བྱུང་ཚེ་བོད་ཀྱི་གཞོན་ནུའི་སྐུ་ཚབ་བམ་ཡང་ན་རྒྱལ་སྤྱིའི་ཚད་ལྡན་དང་འགན་ལེན་ལྡན་པ་ཚོགས་པ་ཞིག་བརྒྱུད་ཞལ་འདེབས་རྣམས་བཙན་བྱོལ་བོད་མིའི་མཚན་ཐོག་ནས་ཕུལ་ཐུབ་པ་གནང་རྒྱུ་ཡིན་ཞེས་དང༌། དེ་བཞིན་ད་རེས་ཀྱི་གོད་ཆགས་དེའི་ཐོག་ལ་དགོན་སྡེ་ཁག་གི་གཙོས་རང་རིགས་རྣམས་ཀྱིས་མ་སྐུལ་དང་བླངས་ཀྱིས་ཛ་དྲག་གི་མྱུར་སྐྱོབ་ཀྱི་ལས་དོན་དུས་ཐོག་ཏུ་གནང་དང་གནང་བཞིན་པ་ནི། མི་ཆོས་ཀྱི་རིན་ཐང་དང་རེ་སྤོབས་ཀྱི་གཞིར་གྱུར་བ་ཞིག་ཡིན་པས། རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎