སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་བའི་ཐད་སྲིད་སྐྱོང་འོས་མི་གཉིས་ཀྱི་དགོངས་ཚུལ།

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ལྷན་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་བའི་ཐད་སྲིད་སྐྱོང་འོས་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་དགོངས་ཚུལ་གསུང་ཡོད།
ཉེ་ལམ་སྤྱི་ཟླ་༣པའི་ཚེས་༢༥ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་བའི་སྐབས་ཆུ་ཚོད་༡:༣༡ནང་། མང་མོས་ཀྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས། ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་ལགས་བཅས་གསུམ་པོ་འཕོ་འགྱུར་བཏང་ཡོད་བའི་གནས་ཚུལ་བྱུང་མ་ཐག བོད་མིའི་སྤྱི་ཚོགས་ཁྲོད་དེ་འབྲེལ་གྱི་གནས་ཚུལ་ཐོག་གླེང་སློང་ཤུགས་ཆེན་ཡོང་བཞིན་པ་དང་། དེ་འབྲེལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤྱི་ལོ་༢༠༢༡ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་མི་རྣམ་གཉིས་ལ་བཅར་འདྲི་ཞུས་བར་དགོངས་ཚུལ་གསུང་ཡོད།
དྲི་བ། མང་གཙོའི་ཀ་བ་གསུམ་གྱི་ནང་ནས་གཅིག་སྟེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཡོངས་རྫོགས་འཕོ་འགྱུར་བཏང་བ་དེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསན་པ་ཡིན་ན། ཐུགས་ཚོར་གང་འདྲ་ཡོང་གི་རེད། ཐུགས་ཕམ་ཡོང་གི་རེད་དམ།
ལན། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་ཀྱིས། གཞི་རྩའི་ཆ་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི། བྱམས་སྙིང་རྗེའི་བདག་ཉིད་ཡིན་པས། གནས་ཚུལ་འདི་ལྟ་བུ་ཞིག་ཁོང་གིས་གསན་པ་ཡིན་ན། “སྙིང་རྗེ”་ཞེས་དགོངས་ཀྱི་རེད་བསམ། ད་ཡོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས། སྲིད་སྐྱོང་དང་བཀའ་བློན་རྣམ་པ། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་སོགས་འཕོ་འགྱུར་གཏོང་ཕྱོགས་དང་འབྲེལ་བའི་བྱ་རིམ་ཁ་གསལ་མེད་དུས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་། ཚོགས་གཙོའི་དམིགས་བསལ་དབང་ཚད་ཟེར་བ་ཞིག་ཡོད་པ་རེད། དམིགས་བསལ་དབང་ཚད་དེ་བརྒྱུད་ནས་ཁྲིམས་དང་སྒྲིག་གཞིའི་ནང་ཁ་གསལ་བོ་མེད་ན། ཚོགས་གཙོའི་དབང་ཚད་ཀྱི་ཐོག་ནས་ཐག་གཅོད་གནང་སྲོལ་ཞིག་ཡོད་པ་རེད། ད་རེས་དེ་ལྟར་བྱས་ཡོང་དུས། ལས་རིམ་དེ་དག་གསང་བ་དང་དུས་ཚོད་འདང་ངེས་མ་སྤྲད་པ་དེ་འདྲའི་བསམ་ཚུལ་མང་ཚོགས་ཁྲོད་ཤུགས་ཆེན་བྱུང་ཡོད་ས་རེད། དེ་ནང་བཞིན་ཁྲིམས་དཔོན་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གཏོང་རྒྱུ་དེ་འདྲའི་ལས་སླ་བོ་མི་ཡོང་ཆེད། བཅའ་ཁྲིམས་དོན་ཚན་༥༤ནང་། ཁྲིམས་དཔོན་རྣམ་པ་ཚོ་འཕོ་འགྱུར་གཏོང་རྒྱུ་སོགས་ཀྱི་སྐབས། ཚོགས་ཆུང་བཙུགས་ནས་དེའི་སྙན་ཐོ་དེ་གྲོས་ཚོགས་ནང་འབྱོར་ན་མ་གཏོགས་ཁྲིམས་དཔོན་དང་ཁྲིམས་ཞིབ་པ་རྣམ་པ་ཚོའི་ལས་དོན་བྱེད་ཕྱོགས་ཐད་གྲོས་ཚོགས་ནང་གླེང་སློང་དང་བགྲོ་གླེང་བྱེད་མི་ཆོག་པ་འཁོད་ཡོད་པ་དེས་བརྒྱུད་རིམ་ཞིག་སྟོན་གྱི་ཡོད་པ་རེད། གསུངས་བྱུང་།
ལན། སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས། ང་ཚོའི་མང་གཙོ་དེ་གང་ཟག་ཞིག་ལ་དཔེར་བཞག་ན། ཕྲུ་གུ་ལྟ་བུ་ཞིག་ཡིན་པ་དང་། འདས་པའི་ལོ་ངོ་མང་པོ་ཞིག་གི་ནང་། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་འོག་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས། ད་རེས་ཀྱི་གནས་ཚུལ་འདི་ལྟབུ་མ་བྱུང་ན་ཡག་ཤོས་རེད། འདི་གནས་ཚུལ་ཡག་པོ་ཞིག་མ་རེད་ལ་སྤྱི་ཚོགས་ལ་ཁེ་ཕན་ཡོད་པ་ཞིག་དེ་བས་མ་རེད། ད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། གཞིས་ལུས་མི་མང་གིས་གསན་ན་སྤོབས་པ་སྐྱེས་དགོས་ས་ཞིག་མཐོང་མ་སོང་། ཡིན་ན་ཡང་འདི་ང་ཚོའི་ཉམས་མྱོང་ཞིག་རེད་བསམ། དེ་བས་ང་རང་གི་ངོས་ནས་ཞུ་འདོད་བྱུང་བ་ནི། གནས་ཚུལ་འདིར་བསྙད་དེ་བོད་པའི་སྤྱི་ཚོགས་ནང་དཀྲུག་ཤིང་དང་རྙོག་དྲ་བཟོ་བྱེད་མ་གནང་རོགས། ཅེས་གསུང་ཡོད།
དྲི་བ། གལ་ཏེ། ད་རེས་གནས་ཚུལ་དེ་ལྷག་པའི་སྐབས། ཁྱེད་རང་སྲིད་སྐྱོང་ཡིན་པ་ཡིན་ན། གནས་ཚུལ་དེ་འགྲིག་ཐབས་གནང་ས་རེད་དམ། ཡང་ན། བཀའ་མོལ་གང་ཡང་མ་གནང་བར་བཞུགས་ས་རེད།
ལན། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་ཀྱིས། བོད་མི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གཅིག་ལ་འཁྲུག་ཐེབས་ཀྱི་ཡོད་ན། དེ་མང་གཙོའི་ཀ་བ་གསུམ་པོར་འགན་ཡོད་པ་ལས་མང་གཙོའི་ཀ་བ་གཅིག་གི་འགན་མ་རེད། གལ་ཏེ་ང་སྲིད་སྐྱོང་ཡིན་ན། གནད་དོན་དེའི་རྗེས་འབྲས་ལ་བཟང་ངན་གང་བྱུང་སྲིད་མིན་གནས་སྟངས་ཐད་ཞིབ་འཇུག་གིས་གྲོས་ཚོགས་ནང་དུ་ཁ་གསལ་ཞིག་བཤད་དགོས་ཡ་གལ་ཆེན་པོ་མཐོང་གི་འདུག བཀའ་ཤག་གི་དགོངས་ཚུལ་གྲོས་ཚོགས་ནང་གསལ་བོ་བྱས་ནས་བཤད་དགོས་བ་དང་། བཤད་རྒྱུའི་གོ་སྐབས་མ་བྱུང་ན། གྲོས་ཆོད་གྲོས་འཆར་གཏན་འབེབས་མ་བྱས་སྔོན་ནས་དུས་ཚོད་སློང་ནས་མ་བཤད་ཐབས་མེད་ཆགས་ཀྱི་ཡོད། དེ་མིན་མང་གཙོའི་ཀ་བ་གསུམ་འཁྲུག་ཚར་པ་ཡིན་ན། ཕ་གིར་རྐུབ་ཀྱག་ཤིག་སྟོང་པར་བཞག་པས་ཕན་ཐོགས་གང་ཡང་མེད། ཅེས་ལན་འདེབས་གནང་སོང་།
ལན། སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས། ད་རེས་ཀྱི་དཀའ་ངལ་དེའི་འབྱུང་རྩ་དེ་བཅའ་ཁྲིམས་ལ་ཐུག་ཡོད་རེད་དྲན་གྱི་འདུག་ལ། མང་གཙོའི་ཀ་བ་གསུམ་གྱི་ཐོབ་ཐང་དང་། ལས་འགན། སྐུ་དབང་བཅས་ཁ་གསལ་བོ་བཟོ་ཆེད་འབྱུང་འགྱུར་ང་ཚོའི་བཅའ་ཁྲིམས་དེ་ཁ་གསལ་རུ་གཏོང་རྒྱུའི་རེ་བ་དང་གོ་སྐབས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གལ་ཏེ། ང་སྐབས་དེར་སྲིད་སྐྱོང་ཡིན་པ་ཡིན་ན། ལྟད་མོ་བལྟས་ནས་བསྡད་ན་འགྲིག་ཐབས་མེད། དེ་འདྲའི་དཀའ་ངལ་རིགས་སེལ་ཡ་ལ་གང་ཐུབ་ཅི་ཐུབ་ཀྱི་འབད་བརྩོན་ཞུ་ས་རེད། ཞེས་ལན་འདེབས་གནང་སོང་།
གཞན་ཡང་གོང་ཞུས་གནད་དོན་དེ་དང་འབྲེལ་ནས་སྤྱི་འཐུས་གྲོས་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་དང་སྒྲིག་གཞི་ཁག་ཅིག་ལ་བསྐྱར་བཅོས་གནང་ཡོད་པ་མ་ཟད། རིང་མིན་སྤྱི་ཟླ་༥པའི་ནང་གྲོས་ཚོགས་འཕར་མ་ཞིག་ཀྱང་ཚོགས་གཏན་འཁེལ་ཡོད་པ་རེད།