༧སྐྱབས་རྗེ་བཟོད་པ་རིན་པོ་ཆེའི་དགོངས་རྫོགས་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་པ།
༧སྐྱབས་རྗེ་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་ནི་ཐུགས་བརྩེ་ཆེ་ཞིང་། ཀོ་ལེ་གྷལ་ས་གནས་བོད་མི་མང་ཚོགས་ལ་རོགས་ཕན་གནང་པ་ཁག་དྲིན་ལན་ཡོངས་སུ་འཇལ་ཐུབ་རྒྱུ་ཞིག་དཀའ་བ་ཡིན་ཡང་། དམ་པ་ཁོང་གི་ཡང་སྲིད་མྱུར་དུ་བྱོན་ཏེ་འགྲོ་བ་སེམས་ཅན་གྱི་དོན་མུ་མཐུད་སྐྱོང་གནང་མཛད་ཐུབ་པའི་སྨོན་འདུན་ཞུ་གི་ཡོད་ཅེས་ཀོ་ལེ་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་གནང་འདུག
སྐྱབས་རྗེ་བླ་མ་༧ཐུབ་བསྟན་བཟོད་པ་རིན་པོ་མཆོག་ནི་འཛམ་གླིང་ཡུལ་གྲུ་མང་པོ་དང་ལྷག་པར་འཛམ་གླིང་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྤྱི་དང་ཁྱད་པར་རི་བོ་དགེ་ལྡན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཡོང་བར་ཕྱག་རྗེས་དང་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་ཞིང་། རིན་པོ་ཆེ་མཆོག་སྤྱི་ཟླ་ ༤ ཚེས་ ༡༣ ཉིན་བལ་ཡུལ་དུ་ཞོགས་པ་ཆུ་ཚོད་ ༩།༣༠ དགུང་ལོ་ ༧༨ ཐོག་དགོངས་པ་རྫོགས་ཡོད་འདུག དེའི་ཐད་བཟོད་པ་རིན་པོ་ཆེའི་ཆོས་ཚོགས་ཐེག་ཆེན་འཛིན་སྐྱོང་ཚོགས་པས་གསལ་བསྒྲགས་སྤེལ་བའི་ནང་། བླ་མ་བཟོད་པ་རིན་པོ་མཆོག་ཉིན་ཤས་སྔོན་བལ་བོད་ས་མཚམས་ཀྱི་བཙུམ་ས་གནས་སུ་ཆིབས་བསྒྱུར་གནང་སྐབས། ལ་དུག་གང་ཙམ་ཕོག་ནས་ལྗགས་དབུགས་ཧལ་བའི་རྐྱེན་གྱིས་འཕྲལ་དུ་ས་དམའ་སར་བབས་ཏེ་སྨན་པ་བསྟེན་གཏུག་གནང་ཡོད་ནའང་། ཕན་འབྲས་མ་བྱུང་པར་ལྗགས་དབུགས་ཡལ་ཏེ་དགོངས་པ་རྫོགས་པ་དང་ཐུགས་དམ་དུ་བཞུགས་ཡོད་པར་བརྟེན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལམ་སྟོན་ཕེབས་པ་བཞིན། ད་ཆ་བླ་མ་རྒྱུད་པ་རྣམས་ཀྱིས་སྒྲོལ་མ་ཙིཏྟཱ་མ་ཎིའི་བླ་མའི་རྣལ་འབྱོར་གྱི་སྒོ་ནས་དགོངས་རྫོགས་མཆོད་འབུལ་གནང་བཞིན་པ་འཁོད་འདུག
བླ་མ་བཟོད་པ་རིན་པོ་ཆེ་མཆོག་ལ་འཛམ་གླིང་ཤར་ནུབ་གང་སར་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པའི་ཆོས་ཚོགས་དང་། བཙུན་དགོན། དགོན་པ་བཅས་ཧ་ཅང་མང་པོ་ཡོད་པ་མ་ཟད། ལྷག་པར་ཁོང་གི་གསུང་རྩོམ་དེབ་ཧ་ཅང་མང་པོ་ཞིག་སྐད་ཡིག་སྣ་ཚོགས་ཀྱི་ནང་ཕབ་བསྒྱུར་ཞུས་ཡོད་པ་རེད།
བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་ནི། སྤྱི་ལོ་ ༡༩༤༦ ལོར་བོད་དང་ས་མཚམས་ཀྱི་བལ་ཡུལ་ཤར་ཁུམ་བུའི་ས་གནས་སུ་འཁྲུངས་ཤིང་། དགུང་ལོ་ ༡༠ ལ་སོན་དུས་བོད་ནང་སློབ་སྦྱོང་དུ་ཕེབས་ཡོད་པ་མ་ཟད། སྤྱི་ལོ་ ༡༩༧༤ ཙམ་ནས་ནུབ་ཕྱོགས་སུ་ཆིབས་བསྒྱུར་དང་ཆོས་འཆད་སྤེལ་གྱིས། ཐེག་ཆེན་འཛིན་སྐྱོང་ཚོགས་པ་དང་དགའ་ལྡན་ཆོས་ཚོགས་སོགས་བཙུགས་ཏེ་འགན་འཛིན་དུ་བཞུགས་པའི་ཡན་ལག་ཏུ། ཨེ་ཤེ་ཡ་དང་ཡོ་རོབ། བྱང་ཨ་མི་རི་ཀ་བཅས་རྒྱལ་ཁབ་ ༣༧ ནང་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པའི་ཆོས་ཚོགས་དང་དགོན་སྡེ་བརྒྱ་དང་ལྔ་བཅུ་ལྷག་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།