མཉམ་འབྲེལ་རྒྱལ་ཚོཊ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོཊ།
2009.09.23
༄༅༎དེང་སྐབས་སུད་སིའི་གྲོང་ཁྱེར་ཇི་ནི་ལྦ་ནང་བསྐོང་ཚོགས་གནང་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལྷན་ཚོགས་དེའི་ཐོག་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་ཡང་ལྷན་ཚོགས་དེའི་ནང་ཚོགས་ཞུགས་གནང་བཞིན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ་འཐུས་མི་སྐུ་ཞབས་བསྟན་འཛིན་མཁས་རྟ་ལགས་ཀྱིས།མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ཚན་པས་བོད་དང༌།ཤར་ཏུ་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད།ཐུགས་འཚབ་ཆེན་པོའི་ངང་ནས་ཐུགས་བཞེས་གནང་དགོས་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
དེ་དང་དུས་མཚུངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ལྕམ་ཨེན་པི་ལེ་ལགས་ཀྱིས་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བརྩི་བཀུར་ཞུ་དགོས་ཀྱི་འདུག་ཅེས་བདུན་ཕྲག་སྔོན་མར་འབོད་སྐུལ་གནང་ཡོད་པ་རེད།སྐུ་ཞབས་བསྟན་འཛིན་མཁས་རྟ་ལགས་ཀྱིས་ད་དུང་ལྷན་ཚོགས་དེའི་ཐོག་བོད་ནང་རྒྱ་མི་འབོར་ཆེན་གནས་སྤོ་བྱེད་བཞིན་པ་དེས།བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་གཏོང་གཞི་ཞིག་ཡིན་པར་ཐུགས་འཚབ་ཆེན་པོ་ཡོད་ཅེས་བསྐྱར་དུ་འབོད་སྐུལ་ནན་བརྗོད་གནང་ཡོད་པ་རེད།
ཡང་ཨ་མི་རི་ཀའི་སྐུ་ཚབ་འཐུས་མི་ཞིག་གིས་ཀྱང་།རྒྱ་ནག་གཞུང་གིས་ཤར་ཏུ་ཀི་སི་ཏན་མངའ་ཁུལ་དུ་དྲག་གནོན་གྱི་ལས་འགུལ་དང་།དེ་བཞིན་ན་ནིང་བོད་ནང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྐབས་དྲག་གནོན་བྱས་པ་སོགས་ཀྱི་གནད་དོན་ཐད་བློ་འཚབ་ཆེན་པོ་བྱེད་དགོས་པ་དང༌།རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཞི་བདེ་ལྷིང་འཇག་ཡོང་རྒྱུའི་ལས་དོན་སྤེལ་རྒྱུའི་ཐོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་དང་གུས་བཀུར་ཞུ་རྒྱུར།ང་ཚོས་རེ་བ་ཞུ་ཡི་ཡོད་ཅེས་ལྷན་ཚོགས་དེའི་ཐོག་འབོད་སྐུལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་བཀོད་འདུག།