བོད་ནང་བོད་མིའི་གྲངས་འབོར་ཇེ་ཉུང་འགྲོ་བཞིན་པའི་ཉེན་ཁ།
2019.02.26
རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་མི་རྣམས་སོ་སོའི་ཡུལ་ནང་གྲངས་ཉུང་མི་རིགས་ལ་འགྱུར་བཞིན་ཡོད་པ་བོད་ནང་གནས་སྡོད་བོད་མི་ཞིག་གིས་བརྗོད་ཀྱི་འདུག
དེ་ཡང་ལྷ་སའི་ཁུལ་དུ་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། དེང་སྐབས་བོད་ནང་རྒྱ་རིགས་སྤོ་ཤུགས་ཇེ་མང་དུ་སོང་བར་བརྟེན། བོད་ཀྱི་ས་ཁུལ་སྤྱི་ཡོངས་ལ་སྔར་དང་མི་འདྲ་བའི་མི་འབོར་ཆེན་པོ་ཆགས་ཡོད་པ་དང་་། ལྷག་པར་དུ་དེང་སྐབས་ལྷ་སར་མི་འབོར་ཧ་ཅང་མང་པོ་ཆགས་ནས་བོད་མི་རྣམས་རང་གི་ས་ཁུལ་དུ་རང་ཉིད་གྲངས་ཉུང་མི་རིགས་ལ་འགྱུར་བཞིན་ཡོད་པ་སེམས་འཚབ་དང་བཅས་གསུངས་ཡོད་པ་རེད།
བོད་ནང་རྒྱ་མིའི་མི་འབོར་སྤོ་ཤུགས་ཀྱི་སྲིད་བྱུས་དེ་ནི་ཐོག་མར་མའོ་ཙེ་ཏུང་གིས་འགོ་བཙུགས་ཡོད་ཅིང་། དེ་ནས་སྤྱི་ལོ་༡༩༨༠ ལོའི་རྗེས་སུ་བོད་ནང་རྒྱ་རིགས་་སྤོ་ཤུགས་བྱེད་མཁན་ཧ་ཅང་མང་པོ་ཆགས་ཡོད་པ་དང་། ལྷག་པར་དུ་༢༠༠༦ ལོར་ལྷ་ས་ཁུལ་དུ་རྒྱ་ནག་གཞུང་གིས་མེ་འཁོར་ལྕགས་ལམ་གསར་འཛུགས་བྱས་བའི་རྐྱེན་གྱིས་བོད་ནང་མི་འབོར་སྤོ་ཤུགས་བྱེད་རྒྱུ་སྟབས་བདེ་རུ་ཕྱིན་ཏེ། བོད་ནང་རྒྱ་མིའི་མི་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་ནི་ཧ་ཅང་གི་ཛ་དྲག་གི་གནས་སྟངས་ཤིག་དུ་བསྒྱུར་ཡོད་པ་དང་། དེང་སྐབས་བོད་ནང་ལ་བོད་རིགས་ལས་རྒྱ་རིགས་ཀྱི་གྲངས་འབོར་མང་བ་ཡོད་པར་ཉམས་ཞིབ་པ་མང་པོ་ཞིག་གིས་རོབ་རྩིས་རྒྱག་གི་ཡོད་པ་ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་བོད་ནང་རྒྱ་མིའི་མི་འབོར་སྤོ་ཤུགས་ཀྱི་འབྱུང་རིམ་དང་། ད་ལྟའི་གནས་སྟངས་ཞེས་པའི་བརྗོད་གཞི་ཐོག་ཉམས་ཞིབ་གནང་མཁན་ངག་དབང་ཆོས་གྲགས་ལགས་ཀྱིས་གསུངས་ཤིང་། ཁོང་གིས་བོད་ནང་རྒྱ་ནག་གཞུང་གིས་མི་འབོར་སྤོ་ཤུགས་རྒྱ་སྐྱེད་བྱེད་བཞིན་པ་དེས། བོད་རིགས་རྣམས་རྒྱ་རིགས་ཀྱི་ནང་ཐིམ་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ཉམས་རྒུད་གཏོང་བར་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད་པ་གསུངས་པ་དང་། ཁོང་གིས བོད་ཀྱི་ས་ཁུལ་ཨ་མདོ་དང་། ཁམས་ཁུལ་དུ་རྒྱ་ནག་གཞུང་གིས་རོགས་རམ་ལ་ཁ་གཡར་ནས་བོད་མི་རྣམས་རང་གི་ཕ་མེས་ཀྱི་ས་ཁུལ་ནས་ས་གནས་གཞན་དུ་སྤོ་ཤུགས་བྱས་ཏེ་རྒྱ་མི་རིགས་དང་། མི་རིགས་གཞན་རྣམས་བོད་རིགས་གནས་སྡོད་བྱེད་སའི་ས་ཁུལ་དུ་སྤོ་ཤུགས་བྱེད་ཀྱི་ཡོད་པ་ཡང་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་གི་རྩ་ཁྲིམས་དོན་ཚན་བཞི་པའི་ནང་གྲངས་ཉུང་མི་རིགས་རྣམས་ལ་ཁེ་ཕན་དང་། སོ་སོའི་རིག་གཞུང་སྐད་ཡིག་སོགས་སྲུང་སྐྱོབ་དང་། དེ་དག་གོང་འཕེལ་ཡོང་བར་གཞུང་ཕྱོགས་ནས་མཐུན་རྐྱེན་བྱེད་དགོས་པའི་འཛུབ་སྟོན་ཡོད་པར་མ་ཟད། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ས་ཁུལ་སོ་སོའི་གཞུང་རིམ་པའི་སྐད་ཡིག་ཏུ་གཙོ་བཟུང་བྱེད་དགོས་ལུགས་འཁོད་པ་དེ་དག་ཀྱང་དངོས་སུ་ལག་ལེན་ཡོང་གི་མེད་པར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཕོགས་བཞིན་ཡོད་པ་རེད།