བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་གནང་མཁན་འཇམ་དབྱངས་བསྟན་འཛིན་ལགས་སྒང་ཏོག་ཏུ་འབྱོར་འདུག

2024.10.18
བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་གནང་མཁན་འཇམ་དབྱངས་བསྟན་འཛིན་ལགས་སྒང་ཏོག་ཏུ་འབྱོར་འདུག བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་གནང་མཁན་འཇམ་དབྱངས་བསྟན་འཛིན་ལགས་དང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་རྡོ་རྗེ་ཚེ་རིང་ལེབ་ཆ་ལགས་གཉིས་མཇལ་འཕྲད་སྐབས། ༡༠།༡༨།༢༠༢༤
མཐུན་འགྱུར་པར་རིས། ཚེ་འཕེལ་བསྟན་འཛིན།

དེ་ཡང་ཉེ་ལམ་ནས་རྒྱ་གར་བྱང་ཤར་མོན་རྟ་དབང་ནང་གི་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་འཁྲུངས་ཡུལ་ཨྱོན་གླིང་དགོན་པ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་གནང་མཁན་དགུང་གྲངས་༦༤་ལ་ཕེབས་པ་འཇམ་དབྱངས་བསྟན་འཛིན་ལགས་ཕྱི་ཚེས་༡༧་ཉིན་རྒྱ་གར་བྱང་ཤར་མངའ་སྡེ་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ལ་ཕེབས་འབྱོར་སྐབས། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བེུད་ལྷན་ཚོགས་གཙོས་པའི་བོད་མིའི་ཚོགས་སྡེ་དྲུག་གཙོས་བོད་མི་ཚོས་ཕེབས་བསུའི་སྣེ་ལེན་ཞུས་འདུག་ལ། ཕྱི་ཚེས་༡༨་ཉིན་ཁོང་གིས་ཟླ་ཤས་སྔོན་རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་ཚོགས་དུས་སྐབས་བོད་དང་རྒྱ་གར་གཉིས་བར་ས་མཚམས་ཡོད་པ་ལས་རྒྱ་གར་དང་རྒྱ་ནག་གཉིས་བར་ས་མཚམས་མེད་པས་ན། རྒྱ་གར་གཞུང་གིས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་ཞེས་འབོད་རྒྱུ་མེད་སྐོར་གསུངས་མཁན་གྲོས་ཚོགས་གོང་མའི་འཐུས་མི་རྡོ་རྗེ་ཚེ་རིང་ལེབ་ཆ་ལགས་དང་མཇལ་འཕྲད་ཞུས་ནས་ཁོང་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མ་འོངས་པ་ལ་ཡང་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་དུ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ཞལ་པར་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

Tibetan activist Jamyang Tenzin on his solo-cycle rally from Tawang (2).jpg
བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་གནང་མཁན་འཇམ་དབྱངས་བསྟན་འཛིན་ལགས་སྒང་ཏོག་ཏུ་འབྱོར་སྐབས། ༡༠།༡༨།༢༠༢༤ པར། ཚེ་འཕེལ་བསྟན་འཛིན།


གཞན་ཁོང་ལ་འབྲས་ལྗོངས་ཀྱི་བརྙན་འཕྲིན་ལས་ཁང་(Chrnonicle)་ཞེས་པས་ཕྱི་ཚེས་༡༧་ཉིན་བཅར་འདྲི་ཞུས་སྐབས། ཁོང་གིས་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འདི་ནི་སྤེལ་ཐེངས་༥་པ་དེ་ཡིན་པ་དང་། ལས་འགུལ་དེ་སྤེལ་དགོས་དོན་གཙོ་བོ་ནི་བོད་ནང་གི་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཏོང་བཞིན་པའི་ཛ་དྲག་གི་གནད་དོན་ཁག་རྒྱ་གར་མི་མང་ལ་གོ་རྟོགས་སྤེལ་ཕྱིར་དང་། བོད་རང་དབང་རང་བཙན་སླར་གསོ་མགྱོགས་ནས་མྱུར་དུ་ཡོང་བའི་དོན་དུ་རང་དབང་ཡོད་པའི་རྒྱ་གར་ཡུལ་མི་རྣམས་ཀྱིས་རྒྱབ་སྐྱོར་ཡོང་བའི་རེ་འབོད་ཞུ་ཕྱིར་ཡིན་སྐོར་གསུངས་འདུག་ལ། ད་དུང་ཁོང་གིས་ལས་འགུལ་དེ་བཞིན་མོན་རྟ་དབང་ནང་གི་རྒྱལ་མཆོག་སྐུ་ཕྲེང་༦་པ་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་འཁྲུངས་ཡུལ་ཨྱོན་གླིང་དགོན་པ་ནས་འདི་ལོའི་ཕྱི་ཟླ་༩་ཚེས་༢༧ཉིན་དབུ་འཛུགས་གནང་སྐོར། ཉིན་མོ་དེ་ནི་ཕྱི་ལོ་༡༩༨༧་ལོའི་ཕྱི་ཟླ་༩་ཚེས་༢༧་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གདན་ས་འབྲས་སྤུངས་དགོན་པའི་དགེ་འདུན་པས་སྣེ་ཁྲིད་དེ་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་བཙན་དབང་ལ་ཞི་བའི་ངོ་རྒོལ་གནང་སྐབས། ཁོང་རྣམས་ལ་རྒྱ་ནག་གི་ཉེན་རྟོག་དམག་མིས་མེ་མདའ་བརྒྱབ་ནས་བོད་མི་མང་པོའི་ཚེ་སྲོག་ཤོར་བ་དང་འཛིན་བཟུང་བྱས་བའི་མུན་ནག་གི་ཉིན་མོའི་འཁོར་དུས་དྲན་ཡིན་པས་ལས་འགུལ་དེ་དབུ་འཛུགས་གནང་བ་དང་ད་ཆ་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནང་འབྱོར་བ་སོགས་གསུངས་འདུག

Tibetan activist Jamyang Tenzin on his solo-cycle rally from Tawang.jpg
བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་གནང་མཁན་འཇམ་དབྱངས་བསྟན་འཛིན་ལགས་ཀ་སྦུག་ཏུ། ༡༠།༡༦།༢༠༢༤ པར། RTYC Kalimpong


ཡང་ས་གནས་ཀྱི་རྐང་འཁོར་བ་བོད་པའི་གཞོན་སྐྱེས་སངས་རྒྱས་དབང་འདུད་ལགས་ཀྱིས་ནུབ་བྷང་གྷེལ་དང་འབྲས་ལྗོངས་ཀྱི་ས་མཚམས་ནས་འཇམས་དབྱངས་བསྟན་འཛིན་ལགས་སྣེ་ལེན་ཞུ་བར་ཕེབས་དགོས་པ་ས་གནས་ཀྱི་བོད་མིའི་ཚོགས་པ་དྲུག་གིས་འབོད་སྐུལ་ཞུས་པ་བཞིན་ཆེད་ཕེབས་གནང་བ་མ་ཟད། དེ་ནི་ཁོང་གི་མི་ཚེའི་ནང་གོ་སྐབས་བཟང་ཤོས་ཤིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎