སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཆེན་ཐོག་བོད་དོན་གཏམ་བཤད་གནང་།

དེ་ཡང་རྒྱ་གར་གྱི་ཡུ་པི་མངའ་སྡེའི་རྒྱལ་ས་ལཀ་ནའོ་(Lucknow)་རུ་ཧིན་བོད་མཛའ་འབྲེལ་ཚོགས་པས་འདི་ཚེས་༡༦དང་༡༧ཉིན་གཉིས་རིང་བོད་དང་། གངས་རིན་པོ་ཆེ། མ་ཕམ་གཡུ་མཚོ་བཅས་ཐར་ལམ་ལྷན་ཚོགས་(Tibet- Kailash Mukti Jan Sammelan)་བསྐོང་འཚོགས་གནང་བའི་སར། སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་མགྲོན་འབོད་ལྟར་བཅར་ནས་གཏམ་བཤད་གནང་འདུག
དེའི་ཐད་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པ་དང་། ༡༩༥༩ལོར་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་བའི་རྗེས་བོད་དང་རྒྱ་གར་གྱི་ས་མཚམས་དེ་རྒྱ་ནག་དང་རྒྱ་གར་གྱི་ས་མཚམས་ཆགས་པ་རེད། ད་རེས་ཀྱི་ཚོགས་འདུའི་ནང་དོན་བོད་ནང་གི་སྟོད་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་སོགས་རྒྱ་ནག་ནས་རང་དབང་ཐོབ་དགོས་ཀྱི་ཡོད་ན། ཐོག་མར་བོད་ཀྱི་གནད་དོན་སེལ་དགོས་བ་དང་། བོད་ཀྱི་གནད་དོན་སེལ་བར་རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་སྐུ་ཚབ་བར་གྲོས་མོལ་གནང་གལ་ཆེ་བ་དང་། ཇི་སྲིད་བོད་ཀྱི་གནད་དོན་ཐག་གཅོད་མ་བྱུང་བར་རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་མེད་པ་རེད་ཅེས་དང་། རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་སོགས་ཕྱོགས་མང་པོ་ནས་བོད་ཀྱི་གལ་གནད་རང་བཞིན་དེ་རྒྱ་གར་མང་ཚོགས་ཙམ་མ་ཡིན་པར་སྲིད་དོན་པ་ཚོ་གོ་རྟོགས་ཤུགས་ཆེན་སྤེལ་ནས། རྒྱ་ནག་ལ་དོགས་ཟོན་དང་བཅས་རྒྱ་གར་མི་དམངས་དང་། མངའ་སྡེ་གྲོས་ཚོགས་དང་དབུས་གྲོས་ཚོགས་བཅས་སུ་བོད་ཀྱི་གནད་དོན་དང་། བོད་ཀྱི་ཁོར་ཡུག བོད་ཀྱི་ཆུ་བཅས་ཀྱི་གལ་གནད་ཐད་གྲོས་ཆོད་འཇོག་ཐུབ་པ་དགོས་བ་སོགས་ཀྱི་གཏམ་བཤད་གནང་ཡོད་པ་གསུངས་བྱུང་།
ཚོགས་འདུ་གོ་སྒྲིག་གནང་མཁན་གྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་(Pankaj Goyal)་ཡིས་ངོ་སྤྲོད་གཏམ་བཤད་ནང་། ད་རེས་ཚོགས་འདུ་བསྐོངས་འཚོགས་གནང་དགོས་པའི་དམིགས་ཡུལ་ནི། རྒྱ་གར་མང་ཚོགས་ལ་བོད་ཀྱི་གནད་དོན་དང་ས་མཚམས་སུ་རྒྱ་ནག་གཞུང་གིས་བཙན་འཛུལ་བྱེད་ཀྱི་ཡོད་པའི་གནས་སྟངས་དང་། བོད་དང་གངས་རིན་པོ་ཆེ་སོགས་རྒྱ་ནག་ནས་རང་དབང་ཐོབ་དགོས་བའི་གལ་གནད་སྐོར་ཤེས་རྟོགས་དང་གོ་རྟོགས་སྤེལ་ཐབས་ཆེད་ཡིན་ལུགས་འགྲེལ་བརྗོད་གནང་འདུག
དེ་ཡང་སྔར་གྱི་སྲོལ་རྒྱུན་གཞིར་བཟུང་བོད་ནང་གི་སྟོད་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་བཅས་སུ་རྒྱ་གར་གྱི་ཧིན་རྡུ་ཆོས་དད་ཅན་བརྒྱ་ཕྲག་མང་པོ་གནས་མཇལ་དུ་ཕེབས་ནས་དམིགས་ཡུལ་གཙོ་བོ་འཁོར་བའི་སྡུག་བསྔལ་ལས་ཐར་བའི་དོན་དུ་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད་
འཕགས་བོད་རྒྱབ་སྐྱོར་ཚོགས་པ་དེ་བཞིན་ཕྱི་ལོ་༡༩༩༩ལོར་ཆེད་བཙུགས་གནང་བ་ཞིག་ཡིན་པ་དང་། གོང་ཞུས་ལྷན་ཚོགས་ཐོག་འཕགས་བོད་རྒྱབ་སྐྱོར་ཚོགས་པ་ཐོག་མར་ཆེད་འཛུགས་གནང་མཁན་གྲས་(Shri Indresh Kumar ji)་དང་། (Dr. Kuldeep Chand Agnihotri)་རྣམ་གཉིས་ཀྱི་གཙོས་མངའ་སྡེ་ཁག་༢༩ཙམ་ནས་ཚོགས་མི་ཉིས་བརྒྱ་ལྷག་ཚོགས་བཅར་ཞུས་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།