ཡིད་བཞིན་དབང་གི་རྒྱལ་པོ་དང་གཟིགས་སྣང་དང་ཉམས་རྟོགས་ཞེས་༧རྒྱལ་བའི་ཡོན་ཏན་བརྗོད་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་སོང་།

2023.05.22
ཡིད་བཞིན་དབང་གི་རྒྱལ་པོ་དང་གཟིགས་སྣང་དང་ཉམས་རྟོགས་ཞེས་༧རྒྱལ་བའི་ཡོན་ཏན་བརྗོད་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་སོང་། ཡིད་བཞིན་དབང་གི་རྒྱལ་པོ་དང་གཟིགས་སྣང་དང་ཉམས་རྟོགས་ཞེས་༧རྒྱལ་བའི་ཡོན་ཏན་བརྗོད་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་སྐབས། ༠༥།༢༢།༢༠༢༣
RFA/Dhasa

མདོ་སྨད་དབུས་རྒྱུན་དང་དཔེ་དེབ་ལས་གཞི་སྒྲུབ་མཁན་ཐུན་མོང་གིས་གོ་སྒྲིག་གནང་སྟེ། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་ཀྱི་ཡོན་ཏན་གཙོ་བོར་བརྗོད་པའི་ཡིད་བཞིན་དབང་གི་རྒྱལ་པོ་དང་། གཟིགས་སྣང་དང་ཉམས་རྟོགས་སུ་འབོད་པའི་དེབ་གཉིས། རྩོམ་པ་བོ་ཤེས་རབ་དར་རྒྱས་ལགས་ཀྱིས་བརྩམས་འགྲུབ་པ་དེ། བཞུགས་སྒར་བོད་ཀྱི་དཔེ་མཛོད་དུ་སྤྱི་ཟླ་༥པའི་ཚེས་༢༢ཉིན་དབུ་འབྱེད་དང་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། དེ་སྔ་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་ཐུགས་དགོངས་དེ་ང་ཚོ་བོད་མི་ཚོས་ཉམས་སུ་ལེན་ཐུབ་མེད་པ་དང་ལག་ལེན་དུ་བསྟར་ཐུབ་མེད། དེ་ལ་བརྟེན་ནས་ད་ལྟ་ང་ཚོ་བཙན་བྱོལ་དུ་སླེབས་དགོས་བའི་རྒྱུ་མཚན་གཅིག་དེ་ཆགས་ཡོད། དེ་ཡིན་དུས་ད་ལྟ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་དགོངས་པ་གང་ཡོད་པ་དེ་དག་ང་ཚོས་ཉམས་སུ་ལེན་མིན་ལ་ཐུག་ཡོད། དེས་ང་ཚོའི་མ་འོངས་པའི་ཁ་ཕྱོགས་གང་འདྲ་ཞིག་ལ་སླེབས་མིན་ཐག་ཆོད་འགྲོ་བ་རེད། དེའི་ཐད་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་གསུངས་ཡོད་པ་རེད།

Sherab Dhargyal's Book launched event at LTWA (2).png
གཞན་ཡང་༧གོང་ས་མཆོག་གིས་༧རྒྱལ་བའི་བསྟན་པ་སླར་གསོ་དང་དག་ཐེར་སོགས་དང་འབྲེལ་ཏེ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་ནས་ལམ་སྟོན་གནང་སྐབས། ༧གོང་ས་མཆོག་གིས་ནང་པའི་ཆོས་ཚུལ་ཡོངས་རྫོགས་སྲོལ་རྒྱུན་གྱི་འཆད་ཉན་བྱེད་ཚུལ་ཙམ་དུ་མ་བཞག་པར། ནང་པའི་བསྟན་པ་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་དུ་བཅུག་སྟེ། འཛམ་གླིང་སྤྱི་ལ་ཉེ་བར་མཁོ་བ་ཞིག་བཟོས་གནང་བའི་མཛད་པ་བསྐྱངས་པ་སོགས་ངོ་སྤྲོད་གནང་ཡོད།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ཀྱང་། བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་དེ་བཞིན་ཆོལ་གསུམ་ཆོས་ལུགས་དང་བཅས་པ། མང་གཙོའི་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་ཚགས་ཚུད་ཅིག་ཡོད་པ་དེ། ༧གོང་ས་མཆོག་གིས་གདོང་ལེན་མང་པོ་གནང་ནས་བྱུང་བ་ཞིག་ཡིན་པ་གསལ་སྟོན་གནང་སོང་།
དེབ་དེ་གཉིས་བརྩམས་མཁན་ཤེས་རབ་དར་རྒྱས་ལགས་ཀྱིས། ༧གོང་ས་མཆོག་གི་ཐུན་མོང་མ་ཡིན་པའི་མཛད་པ་རྣམས་མཇལ་བ་ཡིན་ན། དད་པ་དང་དམ་ཚིག་གཙང་མ་ཡོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། བོད་ནང་གི་བོད་མི་ལ་དམིགས་ཏེ་འཕྲུལ་དེབ་བཟོས་ནས་བཀྲམ་ཐུབ་ན། བོད་ནང་གི་མི་ཚོའི་སེམས་ལ་སྤྲོ་སྣང་དང་དད་དམ་ཇེ་བརྟན་དུ་འགྲོ་རྒྱུའི་བསམ་བློ་གཞིར་བཞག་གིས་བྲིས་པ་འགྲེལ་བརྗོད་གནང་གི་འདུག
༧རྒྱལ་དབང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་ཀྱི་ཡོན་ཏན་གཙོ་བོར་བརྗོད་པའི་གཟིགས་སྣང་དང་ཉམས་རྟོགས་ཞེས་པ་དང་། དེ་ལས་འཕྲོས་པའི་ཡིད་བཞིན་དབང་གི་རྒྱལ་བོ་ཞེས་པའི་དེབ་དེ་གཉིས་ནང་། ༧གོང་ས་མཆོག་གི་སྐུ་སྐྱེ་སྔོན་མ་རྣམས་ཀྱི་སྐོར་དང་གཟིགས་སྣང་མི་འདྲ་བ་༤༠ལྷག ཡང་༧གོང་ས་མཆོག་གི་ཉམས་རྟོགས་ཀྱི་སྐོར་སོགས་མགོན་པོ་གང་ཉིད་ནས་གསུངས་པ་ཁག་གསལ་བོར་བཀོད་ཡོད་པ་རེད།
དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས། བོད་མི་མང་སྤྱི་འཐུས་ཁག་ཅིག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་བཅས་གཙོས་ཤེས་ཡོན་པ་ཁག་ཅིག་བཅས་འཛོམས་འདུག


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎