སྤྱི་འཐུས་ཞིག་གིས་བོད་རྒྱ་ཞི་བའི་གྲོས་མོལ་ཡོང་ཆེད་ཡོ་རོབ་ནང་སྐོར་བསྐྱོད།
2019.09.10

ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་བོད་རྒྱ་གྲོས་མོལ་ཡོང་ཆེད་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་སུམ་ཅུའི་ནང་བོད་དོན་དྲིལ་བསྒྲགས་དང་སྐོར་བསྐྱོད་གནང་བཞིན་འདུག
ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས། བོད་དོན་དཀའ་རྙོག་སེལ་རྒྱུར་དམིགས་པའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་རྣམ་གཉིས་བར་གྲོས་མོལ་ཡོང་ཆེད་ཡོ་རོབ་ཀྱི་རྒྱལ་ཁབ་སུམ་ཅུ་ཐམ་པའི་ནང་ཞི་བདེའི་སྒྲོན་མེ་འཁྱེར་ནས་འབོད་སྐུལ་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པར་འདི་ཚེས་༡༠་ཉིན་དབྱིན་ཡུལ་ལ་འབྱོར་ཡོད། ཕྱི་ཚེས་༨་ཉིན་ཧྥ་རན་སིའི་རྒྱལ་ས་པེ་རེ་སུར་འབྱོར་སྐབས་(Brussels)་སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་རྣམ་རྒྱལ་བསམ་གྲུབ་ལགས་དང་། ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྤེན་པ་ལགས་གཙོས་པའི་བོད་མིའི་སྐུ་ཚབ་རྣམས་ཀྱིས་དགའ་བསུ་ཞུས་ཡོད་འདུག ཕྱི་ཚེས་༩་ཉིན་ཁོང་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Andre Gatto lin) ་དང་། (Tibet Information Group)་ཞེས་པའི་བོད་དོན་དྲིལ་བསྒྲགས་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག
སྐབས་དེར་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་བོད་དོན་དཀའ་རྙོག་སེལ་རྒྱུའི་གནས་བབ་ཛ་དྲག་ཅན་དུ་འགྱུར་ཡོད་པའི་སྐོར་དང་། པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱའི་བཙན་འོག་ནས་གློད་བཀྲོལ་དང་། བོད་ནང་ཆོས་དད་དང་སློབ་གསོ། འགྲུལ་བསྐྱོད་ཀྱི་རང་དབང་ཁག་དང་། བོད་ནང་འདྲ་མཉམ་ཐོག་འགྲོ་སྐྱོད་ཀྱི་ཐོབ་ཐང་། བོད་ནང་ཁོར་ཡུག་གཏོར་བཤིག་གི་གནས་བབས། དགེ་འདུན་པ་དང་བཙུན་མ་རྣམས་གྲྭ་ས་ཁག་ནས་ཕྱིར་འབུད་ཀྱི་གནས་བབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཐོག་རྒྱ་ནག་གུང་ཁྲན་ཏང་གཞུང་གིས་ཐེ་བྱུས་བྱེད་ཐབས་མེད་པ་སོགས་ཀྱི་སྐོར་གླེང་གནང་ཡོད་འདུག
ཕྱི་ཚེས་༩་ཉིན་རྒྱབ་ཁོང་གིས། ཧྥ་རན་སིའི་རྒྱལ་སར་ཡོད་པའི་མཚན་སྙན་ཆེ་བའི་ལྕགས་ཀྱི་ལྕོག་མཁར་(Eiffel Tower)་ཞེས་པ་དེར་བསྐྱོད་པ་དང་། དེ་ནས་རྒྱ་ནག་གཞུང་ཚབ་ཁང་ལ་དགོས་འདུན་ཁག་ཅིག་བཏོན་གནང་བའི་ཡི་གེ་ཞིག་ཡིག་སྒམ་ནང་བཞག་གནང་ཡོད་པ་རེད།