སོག་རྫོང་ཁྲི་རྡོ་ཤང་ཁོངས་ནས་བོད་མི་གསུམ་འཛིན་བཟུང་།
2012.11.01
འདི་ག་རླུང་འཕྲིན་ཁང་ལ་ངག་དབང་ཐར་པས་གནས་ཚུལ་བཏང་དོན། ཟླ་༡༠ ཚེས་༢༦ ཉིན་སོག་རྫོང་ཁྲི་རྡོ་ཤང་། དྲིལ་མདའ་དགོན་པའི་ཅུང་པ་ཚང་གི་གྲྭ་པ་ལོ་ན་༣༤ ཡིན་པ་ཐུབ་བསྟན་སྙན་གྲགས་དང། མ་སྲི་ཆོད་ཀྱི་བུ་ལོ་ན་༢༤ ཡིན་པ་གྲྭ་ཚེ་དབང་། མི་སྐྱ་བསྟན་རྒྱལ་ཚང་གི་བུ་ལོ་ན་༢༧ ཡིན་པ་ཕུར་བུ་བཅས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
ཁོང་གསུམ་འཛིན་བཟུང་བྱེད་དགོས་དོན་ནི་དྲིལ་མདའ་དགོན་པའི་ནང་སྔོན་མ་རང་ བཙན་སྦྱར་ཡིག་ཐོན་པ་དེའི་རྐྱེན་ཡིན་སྲིད་ཟེར་བ་དང་། ཡང་ཁག་གཅིག་གིས་ཁོང་གསུམ་པད་དཀར་གྲོང་རྡལ་རྒྱལ་གཅེས་དཔའ་བོ་ཚེ་སྤོ་དང་། བསྟན་འཛིན་གཉིས་མེར་སྲེག་བྱེད་སའི་ས་གནས་ནས་ཚུར་ཡོང་བས་འཛིན་བཟུང་བྱས་པ་ རེད་ཟེར། ཁོང་ཚོ་འཛིན་བཟུང་བྱེད་དགོས་དོན་ཁོང་རྣམས་ཀྱི་ནང་མི་རྣམས་ཀྱིས་ཤེས་རྟོགས་མེད་པ་རེད་འདུག
ཁྲི་རུ་ལ་གྲོང་ཚོ་ལྔ་ཡོད་པའི་གྲོང་ཚོ་རེའི་བར་ན་དམག་སྒར་རེ་བརྒྱབ་ནས་ཉིན་མཚན་དབྱེར་མེད་བལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་རེད། དྲིལ་མདའ་དགོན་པའམ་དྲིལ་དགོན་རི་བོ་ཆོས་གླིང་ནི་ཞང་ཞུང་ཆོས་དབང་གྲགས་པས་ཕྱག་བཏབ་པའི་དགོན་པ་ཞིག་རེད།
དྲིལ་མདའ་དགོན་པའི་ནང་སྔར་གྱིས་གཏན་སྡོད་ལས་བྱེད་དེ་ཚོ་ཡོད་པའི་ཐོག་དམག་མི་མང་པོ་སླེབས་འདུག་ཟེར་། གང་ལྟར་ཐོབ་ཐང་ལག་འཁྱེར་མེད་པ་མི་སུ་གཅིག་ཕར་ཚུར་གཏོང་གི་མི་འདུག་ཅེས་བོད་ ནས་གནས་ཚུལ་འབྱོར་ཡོད་འདུག