སུད་སིའི་ནང་Locarnoགློག་བརྙན་དུས་སྟོན་ཐེངས་༧༧ ཐོག་འཕྲིན་ལས་ལྷ་མོ་ལགས་ལ་འཁྲབ་སྟོན་པ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་འདུག

2024.08.17
སུད་སིའི་ནང་Locarnoགློག་བརྙན་དུས་སྟོན་ཐེངས་༧༧ ཐོག་འཕྲིན་ལས་ལྷ་མོ་ལགས་ལ་འཁྲབ་སྟོན་པ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་འདུག
FB/Shambala

བལ་པོའི་གློག་བརྙན་ཁྲབ་འཁྲིད་པ་Min Bahadur Bham ལགས་ཀྱིས་བཟོ་སྐྲུན་གནང་པའི་Shambhala ཞེས་པའི་བལ་པོའི་གློག་བརྙན་དེ་སུད་སིའི་གློག་བརྙན་དུས་སྟོན་ཐོག་མཉམ་ཞུགས་གནང་བར་འཕྲིན་ལས་ལྷ་མོ་ལགས་ལ་འཁྲབ་སྟོན་པ་རྩེ་ཕུད་ཀྱི་གཟེངས་རྟགས་Boccalina d’oro Prize ཞེས་པ་འབུལ་ལམ་ཞུས་ནས་ཆེ་བསྟོད་གནང་འདུག་ ཤམ་བྷ་ལ་ཡི་གློག་བརྙན་དེའི་ནང་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་ཀྱིས་པད་མ་ཞེས་པའི་ཁྱོ་ག་གཅིག་ལས་མང་བའི་གཉེན་སྒྲིག་བྱས་པའི་ལུགས་སྲོལ་གྱི་དོལ་པོའི་བུད་མེད་ཅིག་འཁྲབ་ཡོད་པ་དང་།   ཁོང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དཀའ་ཚེགས་ཆེ་ལ་ཐང་ཆེན་དུ་ཉེན་ཁ་ཆེ་བའི་འགྲུལ་བཞུད་ཅིག་ལ་ཞུགས་ཤིང་། འགྲུལ་བཞུད་དེས་རང་ཉིད་བསྐྱར་དུ་རྟོགས་ཐུབ་པ་དང་ཐར་པ་འཐོབ་ཕྱིར་སྒེར་གྱི་འགྲུལ་བཞུད་ཅིག་ཏུ་གྱུར་ཡོད་ཅེས་བལ་ཡུལ་གྱི་གསར་ཤོག་kathmandu post ནང་ཐོན་འདུག་ན་ཡང་ཤམ་བྷ་ལ་ཡི་གློག་བརྙན་འཁྲབ་སྟོན་པའི་རུ་ཁག་གིས་ངོ་དེབ་དྲ་ཚིགས་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་སུད་སིའི་ནང་གི་གློག་བརྙན་དུས་ཆེན་དེ་བཞིན་འདི་ཟླའི་ཚེས་༧ ནས་ཚེས་༡༧ཉིན་བར་འཚོགས་གནང་འདུག   འཕྲིན་ལས་ལྷ་མོ་ལགས་ཀྱི་གཙོས་པའི་གློག་བརྙན་རུ་ཁག་ཡོངས་ལ་དོན་འབྲས་ལེགས་པོ་སོན་པར་འཚམས་འདྲི་ཞུས་འདུག་ལ།  ཡང་འཕྲིན་ལས་ལྷ་མོ་ལགས་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གཟེངས་རྟགས་རྒྱལ་ཁ་ཐོབ་པ་དེ་ནི་ལྷོ་ཤར་ཨེ་ཤི་ཡའི་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཐེངས་དང་པོ་ཐོབ་པ་ཞིག་ཡིན་སྐོར་དང་དེ་ནི་འཕྲིན་ལས་ལྷ་མོ་ལགས་ཀྱིས་འཁྲབ་སྟོན་ཁྱད་དུ་འཕགས་པ་ཡོད་པར་ངོས་འཛིན་ཞུས་ནས་གཟེངས་རྟགས་ཕུལ་བ་ཙམ་མ་ཡིན་པར་དེ་ནི་བལ་ཡུལ་ནང་གི་འབུར་དུ་ཐོན་བཞིན་པའི་སྒྱུ་རྩལ་པའི་ར་སྤྲོད་དཔང་རྟགས་ཤིག་ཡིན་ལུགས་དང་ཡང་དེས་ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་གྱི་གློག་བརྙན་གྱིས་གོ་ལའི་གློག་བརྙན་ཐོག་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པ་གསལ་བཏོན་བྱེད་ཀྱི་ཡོད་ལུགས་ཀྱང་འགྲེལ་བརྗོད་གནང་འདུག  ཡང་ཁོང་རྣམས་ཀྱིས་ད་རེས་འཕྲིན་ལས་ལྷ་མོ་ལགས་ལ་ཐོབ་པའི་གཟེངས་རྟགས་དེ་བལ་ཡུལ་གྱི་གློག་བརྙན་བཟོ་སྐྲུན་པ་རྣམས་དང་བལ་ཡུལ་དང་ཧི་མ་ལ་ཡའི་རི་རྒྱུད་དེ་བཞིན་གོ་ལའི་བེུད་ཡོངས་ཀྱི་སེམས་ཤུགས་དང་སྙིང་སྟོབས་སོགས་ལ་ལེགས་སྐྱེས་སུ་འབུལ་གྱི་ཡོད་ཅེས་གོང་ཞུས་གསར་འགོད་བསྒྲགས་གཏམ་འདིའི་ནང་བཀོད་འདུག་ལ།   མཐའ་མ་དེར་ཁོང་རྣམས་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག།།

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎