ཉག་ཆུ་རྫོང་མགར་ར་གྲོང་ཚོའི་མེ་སྐྱོན་ཁྲོད་དུད་ཁྱིམ་ཁག་ཅིག་གི་སྡོད་ཁང་མེས་འཚིག་པ་དང་མེ་ད་དུང་གསད་ཐུབ་མི་འདུག
དེ་རིང་ཕྱི་ཟླ་ ༣ ཚེས་ ༡༧ ཉིན། ཉག་ཆུ་རྫོང་མགར་ར་༼ཡུལ་མི་ཚོས་ཀ་ར་ཞེས་འབོད་བཞིན་ཡོད་འདུག༽གྲོང་སྡེའི་དཔེ་རྩེ་གྲོང་༼ཡུལ་མི་ཚོས་པ་ཙེ་ཞེས་འབོད།༽ ཚོའི་ཤིང་ནགས་ལ་འདི་ཚེས་ ༡༥ ཉིན་མེ་སྐྱོན་ཤོར་བ་ད་དུང་མེ་གསད་ཐུབ་མེད་པ་མ་ཟད། གྲོང་ཚོའི་དུད་ཁྱིམ་ཁག་ཅིག་མེས་འཚིག་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་དྲ་ལམ་དུ་མེ་སྐྱོན་གནས་ཚུལ་ནག་བསུབ་དང་། ས་གནས་སུ་མེ་སྐྱོན་སྐོར་གྱི་བརྙན་དང་པར་རྒྱུད་སྐུར་བྱས་པའི་རིགས་ཁྲིམས་འགལ་ཡིན་པར་བརྗོད་དེ་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་གཏོང་གི་ཡོད་པ་འདི་ག་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་སོང། ད་ལྟའི་ཆར་མེ་སྐྱོན་བྱུང་ཁུལ་གྱི་ཡུལ་མི་ཚང་མ་ཉག་ཆུ་རྫོང་དུ་གནས་སྤོས་བྱས་ཡོད་པ་དང་། རི་ངོས་སུ་ཡོད་པའི་སེམས་ཅན་ལ་གནོད་འཚེ་ཡོང་བཞིན་ཡོད་པ་ལས་མི་ལ་ཤི་རྨས་ཀྱི་གནས་ཚུལ་གོ་ཐོས་མེད་སྐོར། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་མི་སྣ་ཅིག་གིས་མུ་མཐུད་བརྗོད་དོན་ལ། མེ་སྐྱོན་བྱུང་ནས་ཉིན་མཚན་བཞི་ལ་ཉེ་བ་ཡིན་ན་ཡང་། ཕྱི་ཚེས་༡༧ ཉིན་ནས་མེ་གསོད་མཁན་ཡོང་གི་ཡོད་པ་ལས་མེ་སྐྱོན་བྱུང་མ་ཐག་མེ་གསོད་རིགས་ཀྱི་ལས་དོན་མ་གཉེར་བས། དཔེ་རྩེ་ཡུལ་ཚོའི་དུད་ཁྱིམ་ཁག་ཅིག་གི་སྡོད་ཁང་ཚང་མ་མེས་འཚིག་སོང་ལ། ས་གནས་དེ་རི་མཐོ་གཡང་གཟར་དང་ནགས་རི་སྟུག་པོ་ཡིན་པས་མེ་ཕྱོགས་མང་པོ་ནས་འབར་བཞིན་ཡོད་པས། མེ་སྐྱོན་བྱུང་སའི་རི་འདབ་ཀྱི་སྡེ་བ་༡༡ ལྷག་ལ་ཉེན་ཁ་ཡོད་པ་དང་། རི་ངོས་ཀྱི་མེ་སྐྱོན་དང་ཁ་ཐག་ཉེ་ས་རུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གསར་འཛུགས་གནང་བའི་འཇམ་དབྱངས་ཆོས་གླིང་དགོན་ཀྱང་ཉེན་ཁའི་འོག་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་མེ་སྐྱོན་བྱུང་ཡུལ་ས་གནས་སུ་མེ་གསོད་རུ་ཁག་༥༤༩ དང་ཐད་འཕུར་གནམ་གྲུ་༨ དང་། རྒྱལ་ཁབ་མེ་གསོད་རོགས་སྐྱོབ་མི་གྲངས་༡༠༣༨ ཡུལ་དངོས་སུ་ཡོང་སྟེ་མེ་གསོད་ཀྱི་ཡོད་པ་དང་། མེ་སྐྱོན་བྱུང་ཡུལ་གྱི་དུད་ཚང་༨༣༧ གྱི་མི་གྲངས་༣༣༩༦ བདེ་འཇགས་གན་སུ་སྤོར་ཡོད་སྐོར་བརྗོད་ཡོད་པ་དང་། འབྲེལ་ཡོད་གཞན་ཞིག་ནས་དེ་རིང་ཕྱི་ཚེས་༡༧ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༥ སྟེང་མེ་སྐྱོན་ད་དུང་གསོད་ཐུབ་མེད་པ་དང་། ཉག་ཆུ་རྫོང་དང་འདབ་འབྲེལ་རྔ་བ་ཁུལ་དང་ཡུན་ནན་སོགས་ནས་མེ་གསོད་རུ་ཁག་ཡོང་གི་ཡོད་པའི་གནས་ཚུལ་གོ་ཐོས་ཡོད་ན་ཡང་། དྲ་ལམ་ཐོག་དམ་དྲགས་ཤུགས་ཆེན་བྱེད་བཞིན་ཡོད་པས་གནས་ཚུལ་མང་པོ་ཞིག་ཕན་ཚུན་རྒྱུད་སྐུར་བྱེད་ཐབས་མེད་སྐོར་བརྗོད་བྱུང་།
ཉག་ཆུ་རྫོང་ནི་རི་མཐོ་གཡང་གཟར་དང་ཤིང་ནགས་སྟུག་པོ་ཡོད་པའི་གནས་ཤིག་ཡིན་སྟབས།ལོ་ལྟར་མེ་སྐྱོན་གྱི་གནས་ཚུལ་ཐོན་གྱི་ཡོད་པ་དང། འབྲེལ་ཡོད་གཞན་ཞིག་ནས་ནགས་ཚལ་ལ་ལོ་ལྟར་མེ་སྐྱོན་བྱུང་བཞིན་པ་དེ་མི་མང་ཁྲོད་རྒྱ་ནག་གཞུང་ངོས་ནས། ཤིང་ནགས་དབོར་འདྲེན་ཆེད་མེ་འབར་བཅུག་བཞིན་པའི་དོགས་གཞི་བྱེད་མཁན་ཤུགས་ཆེ་ཡོད་པ་མ་ཟད། སྔར་ལོ་ཡང་ནག་ཆུ་མར་རུ་མཚོ་གྲོང་སྡེའི་ཐང་འཇོར་ནགས་ཚལ་ལ་མེ་སྐྱོན་ཤོར་ནས་ཉིན་གསུམ་ལྷག་ཙམ་རིང་མེ་གསོད་ཐུབ་མེད་པའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། བསྟན་འཛིན་པདྨ།