བོད་ཀྱི་དོན་གཅོད་གསར་བ་ཏེ་ལོ་རིན་པོ་ཆེ་མཆོག
2015.02.18
ཏེ་ལོ་རིན་པོ་ཆེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དོན་གཅོད་གསར་པའི་ཐུགས་འགན་གཞུང་འབྲེལ་སྒོ་ནས་བཞེས་འདུག
དེ་ཡང་གནས་ཚུལ་ལྟར་ན། ར་ཤི་ཡའི་རྒྱལ་ས་མོ་སོ་ཀོའི་ནང་བཅའ་བཞུགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་Dr.ངག་དབང་རབ་རྒྱལ་ལགས་ཀྱིས་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་དེ་ཏེ་ལོ་རིན་པོ་ཆེ་མཆོག་ལ་རྩིས་སྤྲོད་ཀྱི་མཛད་སྒོའི་ཐོག་ཡོ་རོབ་ཁུལ་གྱི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་དབུས་པའི་ཆེས་མཐོའི་མི་སྣ་ཁག་དང་སྐུ་མགྲོན་༦༠་ལྷག་ལྷན་བཞུགས་གནང་འདུག
ཏེ་ལོ་རིན་པོ་ཆེ་མཆོག་ནི་ཨུ་རུ་སུ་རྒྱལ་ཁོངས་སུ་ཡོད་པའི་Kalmykསྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་ཡིན་པ་དང་། ཁོང་ཨ་མེ་རི་ཀའི་གྲོང་ཁྱེར་Philadelphiaནང་ཀེལ་མིག་སོག་པོའི་ནང་མི་ཞིག་ནང་སྐུ་འཁྲུངས་པ་དང་། དགུང་གྲངས་༧་ལ་ཕེབས་སྐབས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བྱེས་ཀྱི་དཔལ་ལྡན་འབྲས་སྤུངས་གྲ་ཚང་ནང་ནང་ཆོས་སློབ་གཉེར་གནང་སྐབས་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྒྲུབ་ཆེན་ཏེ་ལོ་པའི་ཡང་སྲིད་དུ་ངོས་འཛིན་མཛད་འདུག ཨུ་རུ་སུའི་དམར་པོའི་རིང་ལུགས་ཀྱི་རྒྱལ་ཁབ་ཁ་ཐོར་བའི་རྗེས་སུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་ཐོག་མ་དེ་བསྐྱངས་སྐབས་ཏེ་ལོ་རིན་པོ་ཆེ་མཆོག་ཆིབས་ཞབས་སུ་བཅར་འདུག སྔ་ལོའི་ཕྱི་ཟླ་༡༠་པའི་ནང་ཁོང་དབུས་བོད་མིའི་སྒྲིག་འཛུགས་སྐུ་ཚབ་དུ་བསྐོ་བཞག་གནང་ཡོད་པ་རེད། ར་ཤི་ཡའི་ནང་གི་བོད་གཞུང་སྐུ་ཚབ་དོན་གཅོད་ཟུར་པ་Dr.ངག་དབང་རབ་རྒྱལ་ལགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་གསར་པར་གནས་སྤོ་གནང་ཡོད་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།