ཐེ་དབན་དང་རྒྱ་ནག་བར་ཚོང་ལས་ཐོག་གྲོས་མོལ་གནང་འཆར།
2009.07.25
༄༅༎ཐེ་དབན་དང་རྒྱ་ནག་སྐམ་ས་ཆེན་པོའི་དབར་འདི་ལོ་ཕྱི་ཟླ་བཅུ་པའི་ནང་གཞི་རྒྱ་ཆེ་བའི་ཚོང་ལས་སྐོར་གྲོས་མོལ་བྱེད་འཆར་ཡོད་པ་ཕེ་རན་སི་གསར་ལས་ཁང་གིས་ཐེ་དབན་ནས་གནས་ཚུལ་སྤེལ་འདུག
དེ་ཡང་ཐེ་དབན་གྱི་རྒྱ་ནག་དུས་བབ་གསར་ཤོག་གི་ནང་ཐེ་དབན་གྱི་དཔལ་འབྱོར་བློན་ཆེན་དབྱིང་ཆི་མིང་གིས་གསུངས་པ་ལུང་འདྲེན་བྱས་ཏེ་གནས་ཚུལ་སྤེལ་བར་གཞིགས་ན་འདི་ལོ་ཕྱི་ཟླ་བཅུ་པའི་ནང་ཐེ་དབན་དང་རྒྱ་ནག་སྐམ་ས་ཆེན་པོའི་ཚོང་དོན་བློན་ཆེན་གཞོན་པ་གཉིས་ཀྱི་འགོ་འཁྲིད་སྟེ་དཔལ་འབྱོར་མཉམ་འབྲེལ་གྱི་སྒྲོམ་གཞིའི་གྲོས་མཐུན་འབྱུང་ཐབས་ཐད་གྲོས་མོལ་གནང་རྒྱུ་ཡིན་འདུག
འཆར་གཞི་ལྟར་ན་ཕྱོགས་གཉིས་ཀྱི་ཚོང་དོན་བློན་ཆེན་གཞོན་པའི་དབར་གྱི་གྲོས་བསྡུར་མཇུག་བསྒྲིལ་རྗེས་འདི་ལོའི་ལོ་མཇུག་ཏུ་ཐེ་དབན་གྱི་ནང་ཐེ་དབན་གྱི་སྐམ་ས་ཆེན་པོའི་ལས་དོན་ལྷན་ཁང་གི་འགན་འཛིན་ཆིཡང་པིང་ཀུང་དང་རྒྱ་ནག་སྐམ་ས་ཆེན་པོའི་ཐེ་དབན་ལས་དོན་ལྷན་ཁང་གི་འགན་འཛིན་གྲན་ཡུན་ལིང་མཇལ་འཕྲད་སྐབས་གྲོས་མཐུན་དེར་མིང་རྟགས་འགོད་རྒྱུ་ཡིན་པ་རེད།
ཕྱོགས་སོ་སོའི་ལས་དོན་ལྷན་ཁང་གི་འགན་འཛིན་འདི་ལོ་ཕྱི་ཟླ་བཞི་པའི་ནང་མཇལ་འཕྲད་སྐབས་ཐེ་དབན་དང་རྒྱ་ནག་དབར་གྱི་མཁའ་ལམ་འགྲུལ་སྐྱེལ་སྲིད་ཞུའི་ལས་རིམ་རྒྱ་ཆེ་རུ་གཏོང་རྒྱུ་དང་དེ་བཞིན་སྐམ་ས་ཆེན་པོ་ནས་ཐེ་དབན་ནང་མ་རྩ་འཛུགས་རྒྱུའི་ལས་གཞི་རྒྱ་སྐྱེད་བྱ་རྒྱུ་སོགས་གལ་གནད་ཆེ་བའི་གནད་དོན་ཁག་གཅིག་གི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་པ་རེད།
ཐེ་དབན་གྱི་ངོས་ནས་སྐམ་ས་ཆེན་པོ་དང་ཚོང་དང་དཔལ་འབྱོར་གྱི་འབྲེལ་ལམ་རྒྱ་སྐྱེད་བྱེད་པའི་སྲིད་བྱུས་དེའི་ཐོག་ནས་ཐེ་དབན་གྱི་ཉམས་རྒུད་འགྲོ་བཞིན་པའི་དཔལ་འབྱོར་གྱི་གནས་བབས་བསྐྱར་གསོ་འབྱུང་རྒྱུར་རེ་བ་བྱེད་བཞིན་ཡོད་ན་ཡང་གནད་དོན་དབྱེ་ཞིབ་པ་མང་པོས་ད་ལྟའི་ཐེ་དབན་གྱི་རྒྱ་ནག་སྐམ་ས་ཆེན་པོར་ཤུགས་ཆེ་བརྟེན་པའི་སྲིད་བྱུས་དེ་ནི་མཚོ་གླིང་ཡུལ་གྲུའི་མ་འོངས་པའི་གནས་བབས་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་བརྗོད་བཞིན་ཡོད་པ་རེད༎