ཧོང་ཀོང་ནས་སླེབས་པའི་རྒྱ་རིགས་ལ་བོད་གནས་ངོ་སྤྲོད།
2012.01.17
༄༅༎ད་རེས་ཐེ་དབན་གྱི་སྲིད་འཛིན་འོས་འདེམས་ཀྱི་སྐབས་དང་བསྟུན་ནས་ཧོང་ཀོང་ནས་སླེབས་པའི་རྒྱ་རིགས་ཚོར་ཐེ་དབན་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གིས་བོད་ཀྱི་གནས་སྟངས་ངོ་སྤྲོད་གནང་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག
དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༡༥ རེས་གཟའ་ཉི་མའི་ཉིན་ཀྲུང་ཧྰ་ཨེ་ཤི་ཡ་ཕུལ་བྱུང་འབྲེལ་ལམ་མཐུན་ཚོགས་ནས་ཐེ་དབན་གྱི་འོས་བསྡུའི་གྲུབ་འབྲས་དང༌། རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་བའི་མདུན་བསྐྱོད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་བའི་ཐོག་ཐེ་དབན་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་པ་བསོད་ནམས་རྡོ་རྗེ་ལགས་ཀྱིས་བོད་དང་ཐེ་དབན། རྒྱ་ནག་སྐམ་ས་ཆེན་པོའི་འགྱུར་བགྲོས་ཀྱི་གནས་སྟངས་དཔེ་མཚོན་བྱས་ཏེ།རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུའི་གནས་བབ་སྐོར་ངོ་སྤྲོད་གནང་ཞིང་ ད་དུང་ཚོགས་འདུ་དེའི་ཐོག་ཐེ་དབན་གྱི་འོས་བསྡུ་དང༌། རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུ། བོད་ཀྱི་གནད་དོན་ཐག་གཅོད་དགོས་པའི་སྐོར་སོགས་ཀྱི་ཐོག་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་ལྷུག་པོ་བྱུང་ཡོད་པ་མ་ཟད། བགྲོ་གྲེང་གི་གཏམ་བཤད་རྣམས་དྲ་རྒྱ་བརྒྱུད་དེ་རྒྱ་ནག་སྐམ་ས་ཆེན་པོར་ཐད་གཏོང་བྱས་ཡོད་པ་རེད། ད་དུང་ཧོང་ཀོང་ཚོགས་མི་བཅུ་གྲངས་ཤིག་ཕྱི་ཚེས་༡༦ ཉིན་ཐེ་དབན་སྐུ་ཚབ་དོན་གཅོད་ཁང་གི་མཆོད་ཁང་དུ་འདུ་འཛོམས་ཀྱིས། བོད་དོན་ཐད་བགྲོ་གླེང་གནང་ཡོད་ཅིང༌། སྐབས་དེར་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཐེ་དབན་ནང་གི་བོད་མིའི་གནས་སྟངས་དང༌། བོད་ནང་གི་བོད་མིའི་དཀའ་སྡུག བཙན་བྱོལ་བོད་མི་ཚོས་མི་ལོ་ལྔ་བཅུ་ལྷག་དེའི་རིང་ལ་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང༌། རིག་གཞུང་སྲུང་སྐྱོབ། བཙན་བྱོལ་ནང་དུ་དམངས་གཙོའི་འཕེལ་རྒྱས། རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཆེད་དུ་རྒྱ་བོད་གཉིས་ཀར་ཕན་པའི་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་དགོངས་གཞི་སོགས་ཀྱི་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་ཡོད་ཅིང༌། ཚོགས་བཅར་བ་ཚོའི་ངོས་ནས་བོད་ཕྱི་ནང་གཉིས་ཀྱི་སྐོར་ལ་འདྲི་བ་བཏོན་པ་ཁག་དང༌། གཞན་ཡང་ཚོགས་མི་ཁག་ཅིག་གིས། རྒྱ་ནག་གཞུང་ཕྱོགས་ནས་ཤོད་སྟངས་ཐོག་ལ་དོགས་འདྲི་ཞུས་པ་ཁག་ལ་ལན་འདེབས་ཁ་གསལ་གནང་བ་མ་ཟད། བོད་དོན་སྔར་བས་ཤེས་རྟོག་ཡོང་ཐབས་སུ་ཚོགས་མི་རྣམས་ལ་དབུ་མའི་ལམ་གྱི་སྲིད་ཇུས་ངོ་སྤྲོད་དང༌། རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པས་བྲིས་པའི་བོད་ཀྱི་གནས་བབ། དོན་གཅོད་ལས་ཁུངས་ནས་དཔར་སྐྲུན་ཞུས་པའི་བཙན་བྱོལ་ནང་གི་མི་ལོ་ལྔའི་རིང་གི་བོད་མིའི་སྐྱིད་སྡུག་ཅེས་པའི་གློག་བརྙན་དང༌། བརྙན་དེབ་སོགས་ཕྱག་རྟགས་སུ་ཕུལ་ཡོད་པ་རེད།