ཐེ་ཝན་སྲིད་བློན་གྱིས་སྒྱུ་སྩལ་བ་ཁག་ཅིག་གིས་རྒྱ་ནག་ནང་ཚོང་གི་ཁེ་ཕན་ཆེད་འགྲོ་བ་མིའི་ཐོབ་ཐང་རྩ་ཆེར་མི་འཛིན་པ་ནི་ནོར་འཁྲུལ་ཡིན་པ་བརྗོད་འདུག
ཐེ་ཝན་གྱི་སྲིད་བློན་Su Tseng -Chang དང་རིག་གཞུང་བློན་ཆེན་Lee Yung-te གཉིས་ཀྱིས་ཐེ་ཝན་གྱི་སྒྱུ་སྩལ་བ་ཁག་ཅིག་གིས་རྒྱ་ནག་ནང་སྒེར་གྱི་ཚོང་གི་ཁེ་ཕན་ཆེད་འགྲོ་བ་མིའི་ཐོབ་ཐང་རྩ་ཆེར་མ་འཛིན་པའི་བྱེད་སྟངས་དེ་ནི་མཐོང་རྒྱ་ཆུང་བའི་མནོ་བསམ་གཏོང་སྟངས་་ནོར་འཁྲུལ་ཅན་ཞིག་ཡིན་པའི་སྐྱོན་བརྗོད་ཤུགས་ཆེ་ཞིག་གནང་ཡོད་པའི་སྐོར་Taipie Timesགསར་ཤོག་གིས་གནས་ཚུལ་སྤེལ་ཡོད་པ་རེད།
གོང་ཞུས་གནད་དོན་དེ་ད་རེས་སྲིད་བློན་དང་རིག་གཞུང་བློན་ཆེན་རྣམ་གཉིས་ལ་ཐེ་ཝན་གྲོས་ཚོགས་ནང་ཐེ་ཝན་གྱི་སྒྱུ་སྩལ་བ་ཁག་གིས་རྒྱ་ནག་གཞུང་གི་འདོད་ཚུལ་དང་མཐུན་པར་།ཉེ་ལམ་རྒྱལ་སྤྱིའི་ཐོག་ཡོ་རོབ་མཐུན་ཚོགས་བཅས་པས་་རྒྱ་ནག་གིས་ཤིང་ཅང་ཞེས་པའི་ཤར་ཏུར་ཀིས་ཐན་གྱི་མངའ་ཁུལ་ནང་ཡུ་གུར་ཁ་ཆེ་མང་ཚོགས་ལ་དྲག་གནོན་བཏང་བའི་གནད་དོན་ལ་སྐྱོན་བརྗོད་ཀྱིས་རྒྱ་ནག་གཞུང་གི་དཔོན་རིགས་དང་ཚན་པ་ཁག་ཅིག་ལ་དཔལ་འབྱོར་བཀག་སྡོམ་གྱིས་ཉེས་ཆད་འགེལ་ཡོད་པར་། རྒྱ་ནག་གཞུང་གིས་དེར་འཁོན་ལེན་སློག་ཆེད་དུ་། ཡོ་རོབ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་ནང་ཕྱི་ཚོང་བྱེད་པའི་ H&Mགྱོན་ཆས་དང་གཞན་ཡང་Nikeགི་ལྷམ་བཅས་པ་དངོས་ཟོག་ཁག་ཅིག་རྒྱ་ནག་ནང་ཚོང་མི་ཆོག་པ་བཀག་སྡོམ་བྱས་ཡོད་པ་དང་། དེའི་རྗེས་སུ་རྒྱ་ནག་ནང་གོང་ཞུས་གྱོན་གོས་དང་ལྷམ་བཅས་པ་དྲིལ་བསྒྲགས་བྱེད་མཁན་གྱི་སྒྱུ་སྩལ་བ་ཁག་ཅིག་གིས་དངོས་ཟོག་དེ་རྣམས་དྲིལ་བསྒྲགས་བྱ་རྒྱུའི་ལས་དོན་ནས་ཕྱིར་ཤོལ་བྱས་ཡོད་པ་དང་མཚུངས། ཐེ་ཝན་གྱི་སྒྱུ་སྩལ་བ་ཁག་ཅིག་ནས་ཀྱང་རྒྱ་ནག་གཞུང་ལ་ངོ་སྲུང་སྤྲེལ་ལས་ཆེད་གོང་ཞུས་དངོས་ཟོག་དྲིལ་བསྒྲགས་ཀྱི་ལས་དོན་ནས་ཕྱིར་འཐེན་བྱས་ཏེ་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་སྟངས་ཀྱི་ཐད་དྲི་བ་བྱུང་བའི་ལན་དུ་གོང་ཞུས་སྐྱོན་བརྗོད་དེ་གནང་ཡོད་པ་རེད།
དེ་ཡང་སྲིད་བློན་Su Tseng Chang གིས་ཐེ་ཝན་ནི་རང་དབང་དམངས་གཙོའི་རྒྱལ་ཁབ་ཞིག་ཡིན་པས་དོ་བདག་སྒེར་གྱི་སྨྲ་བརྗོད་རང་དབང་ལ་བཏང་འཛིན་བྱེད་སྲོལ་མེད་པ་དང་འོན་ཀྱང་བྱ་སྤྱོད་དེ་རིགས་ནི་བཟང་སྤྱོད་དང་བྲལ་ཞིང་། འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ངོས་འཛིན་གཏན་ནས་མི་ཐུབ་པའི་རང་དོན་ཁོགས་བཅངས་ཀྱི་ལས་དོན་ཐབས་སྡུག་ཞིག་ཡིན་པ་གསུངས་ཡོད་པ་རེད།
ཡང་རིག་གཞུང་བློན་ཆེན་Lee Yung Te གིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་བཏང་བའི་གནད་དོན་དེ་ཚབས་ཆེ་ཞིག་ཡིན་པས་ཐེ་ཝན་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རྒྱ་ནག་གི་བྱ་སྤྱོད་དེ་ཚོར་སྐྱོན་བརྗོད་དང་ཉེས་ཆད་འགེལ་དགོས་པ་གཟིགས་ཀྱི་ཡོད་ཅེས་དང་། ཁྲབ་སྟོན་བྱེད་མཁན་སྒྱུ་སྩལ་བ་ཚོའི་ངོས་ནས་གནད་དོན་དེ་སྒེར་གྱི་དཔལ་འབྱོར་གྱི་ཁེ་ཕན་གྱི་ཐོག་ནས་མ་བལྟས་པར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྱི་རིན་ཐང་ཞིག་གི་ཐོག་ནས་ལྟ་དགོས་ཞེས་གསུངས་ཡོད་འདུག