སློབ་ཕྲུག་དང་ཉེན་རྟོག་པའི་བར་ལ་འཁྲུག་འཛིང་ཤོར་འདུག
2014.09.23
ཧོང་ཀོང་ནང་དམངས་གཙོ་དོན་གཉེར་ཅན་གྱི་སློབ་ཕྲུག་ཚོས་མུ་མཐུད་ངོ་རྒོལ་དང་སློབ་ཕྲུག་དང་ཉེན་རྟོག་པའི་བར་ལ་འཁྲུག་འཛིང་ཤོར་འདུག
དེ་ཡང་རེས་གཟའ་ཟླ་བའི་ཉིན་ཧོང་ཀོང་གི་སློབ་ཕྲུག་སྟོང་ཕྲག་མང་པོ་མཐོ་རིམ་སློབ་གྲྭ་ཞིག་ནང་འདུ་འཛོམས་བྱས་ཏེ་རྒྱ་ནག་གཞུང་གིས་ཧོང་ཀོང་དེ་བཞིན་དམངས་གཙོའི་ལམ་ལུགས་ཆ་ཚང་ལྡན་པའི་ཐོབ་ཐང་སྤྲོད་དགོས་པའི་སྐད་འབོད་བྱས་པ་མ་ཟད། ཉིན་དེ་ནས་བཟུང་སྟེ་ངོ་རྒོལ་ཆེད་གཟའ་འཁོར་གཅིག་རིང་ལ་སློབ་མཚམས་འཇོག་རྒྱུ་འགོ་བཙུགས་ཡོད་པ་དང་། དེ་རིང་སླར་ཡང་སློབ་ཕྲུག་ཚོས་མུ་མཐུད་ངོ་རྒོལ་བྱས་པ་མ་ཟད། སློབ་ཕྲུག་༢༠ཙམ་ཧོང་ཀོང་ས་གནས་གཞུང་གི་ལས་ཁུངས་སུ་བསྐྱོད་དེ། ཧོང་ཀོང་གི་སྤྱི་ཁྱབ་ཀྱིས་མི་དམངས་དང་ཐུག་འཕྲད་བྱ་དགོས་པའི་རེ་འདུན་ཞུ་བར་ཉེན་རྟོག་པའི་རྭ་སྐོར་ལས་གྲོལ་ཏེ་བསྐྱོད་ཐབས་བྱེད་པའི་སྐབས་ཉེན་རྟོག་པ་དང་ལག་འཛིང་ཤོར་བའི་གནས་ཚུལ་བྱུང་ཡོད་པ་རེད། དོན་རྐྱེན་དེ་བྱུང་བའི་རྗེས་ཧོང་ཀོང་སློབ་ཕྲུག་མནའ་མཐུན་ཚོགས་པའི་འགོ་ཁྲིད་Alex Chow ཡིས། ཧོང་ཀོང་གི་གནས་སྟངས་ཉེན་ཚབས་ཆེན་པོར་ལྷུངས་བཞིན་ཡོད་པའི་གནས་ལུགས་རྒྱུ་མཚན་རྣམས་ཧོང་ཀོང་མི་དམངས་ཚོས་ཤེས་རྟོགས་ཡོང་ཐབས་ལ་སློབ་ཕྲུག་ཚོས་བློས་གཏོང་ཆེན་པོ་བྱེད་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་ཧོང་ཀོང་གི་སྤྱི་ཁྱབ་པས། སློབ་ཕྲུག་དང་ཉེན་རྟོག་པའི་བར་ལག་འཛིང་ཤོར་བའི་རྗེས་སློབ་ཕྲུག་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད་པའི་ཁར་ད་དུང་ཆབ་སྲིད་ཀྱི་བཅོས་བསྒྱུར་ཇི་འདྲ་ཞིག་གཏོང་དགོས་སྐབས་རྒྱ་ནག་གཞུང་གི་རེ་བ་ལྟར་ཡོང་དགོས་ཀྱི་རེད་ཅེས་བཤད་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།