གསེར་རྟ་བླ་རུང་ཆོས་སྒར་གྱི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འཚོག་རྒྱུ་རྒྱ་ནག་གིས་བཀག་འདུག
2018.10.24
རྒྱ་ནག་གཞུང་གིས་ད་ལོར་ཡང་གསེར་རྟ་བླ་རུང་ཆོས་སྒར་གྱི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འཚོག་ཏུ་བཅུགས་མི་འདུག
དེ་ཡང་འབྲེལ་ཡོད་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལོར་ཡང་རྒྱ་ནག་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འཚོག་ཏུ་བཅུགས་མེད་པའི་ཐད་འབྲེལ་ཡོད་མི་སྣས་གསལ་བསྒྲགས་གནང་བའི་ནང་། བདེ་ཆེན་ཞིང་སྒྲུབ་ཆེན་མོའི་ཐད་ད་ལོ་ཉིས་སྟོང་བཅོ་བརྒྱད་ལ་མཚོན་ན་ཞང་དང་རྫོང་། ཁུལ་རིམ་པ་སོགས་རིམ་པ་མང་བོ་ཞིག་ལ་རྒྱ་ཆེ་བའི་མི་མང་གི་རེ་འདོད་ལྟར་རེ་བ་ཆེ་ཆུང་རིམ་པ་གཉིས་ཞུས་ཡོད་པ་སྟེ། རེ་བ་ཆེ་བ་དེ་ནི་རྒྱ་ཆེ་མང་ཚོགས་ཀྱི་རེ་བ་ཆེན་པོ་ཡོད་སྟབས་མ་འཚོག་ཐབས་མེད་ལྟ་བུ་ཞིག་ཡིན་ལ། ཁྲིམས་དང་མཐུན་པའི་སྒོ་ནས་ཆོས་དད་རང་དབང་ཡོད་པ་བཞིན་འཚོག་དགོས་ཀྱིན་འདུག་ཅེས་ཡིག་ཐོག་དང་ངག་ཐོག་གི་སྙན་ཞུ་རབ་དང་རིམ་པ་བརྒྱུད་སྤྲོད་བྱས་ནའང་ཆོག་མཆན་མ་སྤྲད་པ་རེད། དེའི་རྗེས་སུ་རེ་བ་ཆུང་བའམ་ས་གནས་གང་ས་ནས་རྒྱ་ཆེ་བའི་ཆོས་དད་པ་མང་བོ་མི་ཡོང་བར་གསེར་རྟ་རྫོང་གཅིག་པུའི་ཆོས་དད་མང་ཚོགས་ཡོང་ཆོག་པའི་རེ་བ་མང་བོ་ཞུས་ནའང་ཆོག་མཆན་སྤྲད་མ་སོང་བའི་དབང་གིས་ཆེད་དུ་ཐེངས་འདིའི་གསལ་བསྒྲགས་འདི་སྤེལ་བ་ཡིན་ཞེས་དང། ཡང་ཁོང་གིས་རྒྱ་ཆེ་བའི་དད་ལྡན་མང་ཚོགས་བདེ་ཆེན་ཞིང་སྒྲུབ་ཆེན་མོར་ཕེབས་རྒྱུའི་ཆོག་མཆན་མ་ཐོབ་ནའང་། རང་རང་སོ་སོའི་སྡོད་ཁྱིམ་དུ་དད་པ་དང་སྨོན་ལམ་རྒྱག་རྒྱུ་ཙམ་གྱི་རེ་སྐུལ་གནང་ཡོད་འདུག
དེ་སྔ་ཉིས་སྟོང་བཅུ་དྲུག་ལ་མཚོན་ནའང་ཞིང་སྒྲུབ་སྨོན་ལམ་ཆེན་མོ་དེ་རྒྱ་ཆེ་བའི་མི་མང་གི་རེ་བ་ཆེན་པོ་བརྒྱབས་ནའང་འཚོགས་མ་ཐུབ་པ་དེ་ཚང་མས་ཧ་གོ་བ་ལྟར་ཡིན་ལ། ཉིས་སྟོང་བཅུ་བདུན་ལ་མཚོན་ནའང་ལས་འགུལ་གྱི་མཇུག་སྒྲིལ་ཡོད་ནའང་། གཞུང་ཕྱོགས་ནས་ལས་འགུལ་མཇུག་སྒྲིལ་མ་ཐག་ཡིན་པ་ལྟ་བུའི་སྐད་ཆ་གསལ་ཁ་མེད་པ་ཞིག་བཤད་ནས་མི་མང་གི་རེ་འདོད་ལྟར་བསྒྲུབ་མ་ཐུབ་པ་རེད་ཅེས་གསུངས་འདུག
དེ་བཞིན་གསེར་རྟ་བླ་རུང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་དང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ཨུ་ཡོན་ལྷན་ཁང་། གསེར་རྟ་རྫོང་མི་རིགས་ཆོས་ལུགས་ལས་དོན་ལས་ཁུངས་བཅས་ཀྱིས་བླ་རུང་དགོན་པའི་༢༠༡༨་ལོའི་བདེ་ཆེན་ཞིང་སྒྲུབ་མི་ཚོགས་པའི་ཐད་ཀྱི་སྤྱི་བསྒྲགས་ཞེས་བའི་ཡིག་ཆ་ཞིག་༢༠༡༨ལོའི་ཟླ་༡༠་བའི་ཚེས་༡༦་ཉིན་སྤེལ་བའི་ནང་། བླ་རུང་དགོན་ནང་ཁུལ་གྱི་གྲྭ་བཙུན་ཚོས་ཆོས་གསུངས་བ་ལས་དགོན་ཕྱིའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་སྣེ་ལེན་མི་བྱ་ཞིང་། རང་ཡུལ་ཚོའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་བླ་རུང་དགོན་པར་ཡོང་དུ་འཇུག་མི་ཆོག་ཚུལ་དང་། ད་དུང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ནི་དཀར་མཛེས་ཁུལ་གྱི་བོད་བརྒྱུད་ནང་བསྟན་རྙིང་མ་བའི་གྲྭ་བཙུན་སྐྱེད་སྲིད་བྱེད་པའི་འབྲིང་རིམ་ཆོས་ལུགས་སློབ་གྲྭ་ཡིན་པ་དང་། ཆེད་མངགས་བོད་བརྒྱུད་ནང་བསྟན་སློབ་གསོ་སྤེལ་བ་ལས་ཆོས་ཚོགས་གང་ཡང་མི་སྤེལ་བའི་གཙོ་གཉེར་སློབ་གླིང་ཞིག་ཡིན་པ་སོགས་འཁོད་འདུག
བདེ་ཆེན་ཞིང་སྒྲུབ་ཆེན་མོ་ནི་གསེར་རྟ་བླ་རུང་སྒར་དུ་ལོ་རྟག་པར་བོད་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་འཚོགས་ཀྱིན་ཡོད་པ་ཞིག་ཡིན་པ་མ་ཟད། མདོ་དབུས་ཁམས་གསུམ་གྱི་དད་ལྡན་ཕོ་མོ་མང་བོ་མཉམ་ཕེབས་ཀྱིས་ཆེས་དགའ་དད་བྱ་སའི་ཆོས་ཀྱི་བྱེད་སྒོ་ཆེན་པོ་ཞིག་རེད།
འབྲེལ་ཡོད་གནས་ཚུལ་དཔྱད་བརྗོད་པས། དེ་ནི་ད་བར་རྒྱ་གཞུང་གིས་བོད་ནང་དུ་ཆོས་དད་རང་དབང་ཡོད་སྐོར་སོགས་གྱི་རྫུན་རྐྱང་རྐྱང་བཤད་ནས་འཛམ་བུ་གླིང་མགོ་སྐོར་གཏོང་བཞིན་ཡོད་པ་རེད་མ་གཏོགས། དོན་དངོས་ལ་བཙན་གནོན་དང་འཇིགས་སྐུལ་འོག་བོད་མི་ཚོ་གནས་དགོས་ཀྱི་ཡོད་པ་དང། ལྷག་པར་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་སོགས་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་འདུག
གསར་འགོད་པ་ཀེ་ཐོ།