༧གོང་ས་མཆོག་གི་ཆིབས་བསྒྱུར་ལ་གྲ་སྒྲིག་རྒྱ་ཆེར་གནང་བཞིན་འདུག
2017.06.15

ཨ་རིའི་ཀེ་ལི་ཧྥོར་ནི་ཡ་མངའ་སྡེའི་(San Diego)གཙུག་ལག་སློབ་གྲྭ་ཆེན་མོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་ལ་གྲ་སྒྲིག་རྒྱ་ཆེ་གནང་བཞིན་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ཀེ་ལི་ཧྥོར་ནི་ཡའི་མངའ་སྡེའི་(San Diego)གྲོང་ཁྱེར་དུ་རྟེན་གཞི་བྱེད་པའི་(San Diego)གཙུག་ལག་སློབ་གྲྭ་ཆེན་མོ་དང་། ཏཱ་ལའི་བླ་མའི་གྲོགས་པོ་ཞེས་པ་གཉིས་ཀྱིས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་པ་བཞིན་༧གོང་ས་མཆོག་ཕྱི་ཚེས་༡༥་ཉིན་ས་གནས་སུ་ཞབས་སོར་བཀྲིན་ཆེ་གནང་མཛད་རྒྱུ་དང་། ཕྱི་ཚེས་༡༦ཉིན་གཙུག་ལག་སློབ་གྲྭ་ཆེན་མོའི་རྩེད་ཐང་ཆེན་མོའི་སྟེང་དུ། མང་ཚོགས་༢༥༠༠༠བརྒལ་བར་བཀའ་སློབ་དང་། གཙུག་ལག་སློབ་གྲྭའི་སློབ་མ་༦༠༠༠ཙམ་སློབ་མཐར་ཕྱིན་པའི་མཛད་སྒོའི་ཚོགས་མགོན་དུ་ཆིབས་སྒྱུར་གནང་རྒྱུའི་ཆེད་རྩེད་ཐང་གི་ཐང་ཆེན་ཐོག་ལ་ཞབས་བཀྱག་༢༥༠༠༠ཙམ་སྒྲོན་ཡོད་ཅིང་། བཞུགས་ཁྲིའི་སྡིངས་ཆའི་ཉེ་འཁོར་དུ་ལྕགས་ཀྱི་རྭ་བ་སོགས་བསྐོར་ནས་སྐུའི་སྲུང་བྱའི་ཐད་ལ་གྲ་སྒྲིག་གང་ནུས་ཞུ་བཞིན་ཡོད་འདུག
འདི་ག་རླུང་འཕྲིན་ཁང་ནས་གཙུག་ལག་སློབ་གྲྭ་ཆེན་མོའི་མང་ཚོགས་འབྲེལ་ལམ་ཚན་པའི་འབྲེལ་ཡོད་ལས་བྱེད་(Kristin Schafgans)ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། འདིར་(San Diego)གཙུག་ལག་སློབ་གྲྭ་ཆེན་མོའི་ནང་༧གོང་ས་མཆོག་གིས་ཕྱི་ཟླ་ ༦ ཚེས་ ༡༦་ཉིན་གྱི་མང་ཚོགས་ལ་བཀའ་སློབ་དང་། ཕྱི་ཚེས་༡༧རེས་གཟའ་སྤེན་པའི་སློབ་མ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བ་ལྟར་ཕེབས་རྒྱུའི་མཛད་འཆར་ཆེད་དུ་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན། འདི་འདྲ་བའི་མཛད་འཆར་ཁག་གཉིས་ཀྱི་ཆེད་དུ་དགའ་སྣང་གི་ངང་སྒུག་བྱེད་བཞིན་པ་ཡིན་ཞེས་གསུངས་གནང་འདུག
ཨ་རིའི་(San Diego)གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ནང་གི་སློབ་ཕྲུག་བརྒྱ་ཆ་༡༤་ཙམ་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པ་དང་། དེའི་ཁྲོད་ཀྱི་རྒྱ་མི་སློབ་ཕྲུག་ཁག་གཅིག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་ཕེབས་བཞུགས་གནང་རྒྱུར་འདོད་མོས་བྱེད་ཀྱི་མེད་པའི་ཐོག་༧གོང་ས་མཆོག་ཞི་བདེའི་དེད་དཔོན་ལ་ངོས་འཛིན་མ་ཞུས་པར་རྒྱ་ནག་ཁ་བྲལ་གཏོང་ཐབས་གནང་མཁན་ཞིག་ཡིན་པའི་སྐྱོན་འཛུགས་དང་འབྲེལ་མཐོ་སློབ་ཀྱི་འཛིན་སྐྱོང་མི་སྣས་ཁོང་ཚོའི་སེམས་ལ་ཕོག་ཐུག་བཏང་ཡོད་ཚུལ་བརྗོད་ཡོད་པ་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐོག་འཛིན་པའི་ལྟ་ཚུལ་དང་གཅིག་པ་ཡིན་པ་དབྱེ་ཞིབ་པ་ཚོས་བརྗོད་བཞིན་པ་རེད།
ལྷག་དོན་ཨ་མི་རི་ཀའི་ཤེས་ལྡན་མི་སྣ་དང་མཁས་པ་ཚོས། ཨ་རིའི་མཐོ་སློབ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱ་མི་སློབ་ཕྲུག་ཚོས་༧གོང་ས་མཆོག་དང་བོད་དོན་ཐད་དེང་སང་ངོ་རྒོལ་བྱེད་བཞིན་པའི་ལུགས་སྲོལ་གསར་པ་དེ་ཨ་རིའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་རྒྱ་ནག་གཞུང་གིས་ངན་སྐུལ་བྱས་པའི་བྱ་སྤྱོད་ཞིག་ལ་ངོས་འཛིན་གནང་གི་འདུག
གང་ལྟར་ཡང་༧གོང་ས་མཆོག་གི་མཛད་འཆར་ལ་འགྱུར་བ་མེད་པར་ཐོག་མའི་འཆར་གཞི་གཞི་བཟུང་གནང་རྒྱུ་ཡིན་པ་རེད།
མཛད་རིམ་ལྟར་ན། རེས་གཟའ་ཉི་མའི་ཉིན་མགོན་པོ་མཆོག་ནས་ས་གནས་དེའི་ཉེ་འཁོར་ནས་ཆེད་བཅར་ཞུས་པའི་བོད་མི་མང་ཚོགས་ལ་བཀའ་སློབ་དང་མཇལ་ཁ་ཡོད་ཅིང་། དེ་རྗེས་ Orange countyརྫོང་ནང་ཉིན་གཅིག་གི་མཛད་རིམ་བསྐྱངས་གྲུབ་རྗེས་ཨ་རིའི་མི་ནི་སོ་ཊ་མངའ་སྡེ་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་གི་ཡོད་པ་རེད།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག་དང་། རིག་ལྡན་སྒྲོལ་མ།