རྒྱ་གཞུང་གི་བཀའ་མ་གྲུབ་ན་ཉེས་པ་ལྗིད་མོ་གཅད་རྒྱུ།

མདོ་སྨད་རེབ་གོང་དུ་ཕྱི་རྒྱལ་གྱི་བརྙན་འཕྲིན་དང་རླུང་འཕྲིན་སོགས་ལ་བལྟ་ཉན་འགོག་ ཆེད་བརྙན་འཕྲིན་སྡུད་སླང་དང་སྡུད་ཆས་གཉིས་རྒྱ་གཞུང་གིས་འཁྱེར་འདུག

2013.01.11

༄༅།    །འདི་ཟླའི་ཕྱི་ཚེས་༨    ནས་བཟུང་རྒྱ་གཞུང་གིས་རེབ་གོང་གི་དགོན་པ་སོ་སོ་དང་ཁྱིམ་ཚང་གི་ཡང་སྟེང་ནས་བོད་ཕྱིའི་རླུང་འཕྲིན་དང་བརྙན་འཕྲིན་སོགས་ཀྱི་རྒྱང་འཚོལ་ཡོ་བྱད་འཁོར་སྐར་སྡེར་མ་གཞུང་བཞེས་བྱས་འདུག་པ་དང་། གལ་སྲིད་འཁོར་སྐར་སྡེར་མ་རྒྱ་གཞུང་ལ་རྩིས་སྤྲོད་དུས་ཐོག་མ་བྱས་ཚེ།    ཉེས་ཆད་ལྗིད་མོ་གཅད་རྒྱུ་ཡིན་སྐོར་རྒྱ་གཞུང་གིས་འབྲེལ་ཡོད་ལས་བྱེད་མི་སྣ་དགོན་པ་དང་།    སྡེ་བ་སོ་སོར་ནང་དུ་དངོས་སུ་ཡོང་ནས་ལས་འགུལ་སྤེལ་བཞིན་ཡོད་འདུག།
རྒྱ་གཞུང་གིས་ལས་བྱེད་མི་སྣས་སྒེར་གྱི་འཁོར་སྐར་བསྡུ་ལེན་བྱས་པ་དང་། དེའི་ཚབ་ལ་ཁྱིམ་ཚང་རེར་སྡུད་ཆས་སྡེར་མ་ཆུང་བ་རེ་སྤྲད་འདུག དགོན་པའི་ནང་གྲྭ་བ་རེ་ལ་སྡེར་མ་ཆུང་བ་དང་བརྙན་འཕྲིན་ཚོན་མདོག་size ༢༡ཅན་བཅས་རིན་མེད་ཐོག་སྟེར་གྱི་ཡོད་པ་དང་།
བརྙན་འཕྲིན་འཕྲུལ་ཆས་ནི།    ཐོན་རྙིང་པ་རྒྱབ་ལོག་རིང་པོ་ཅན་དེ་ཡིན་པ་ལས་དེང་གི་བརྙན་འཕྲིན་དཔེ་གསར་ལེབ་ལེབ་དེ་རེད་མི་འདུག    རེབ་གོང་རོང་བོ་དགོན་ཆེན་ནང་དུ་གྲྭ་ཤག་སོ་སོ་ནས་བརྙན་འཕྲིན་འཁོར་སྐར་འཁྱེར་བཞིན་པ་དང་རྗེས་ཕྱོགས་སྡེར་མ་ཆེ་བ་རིགས་གཉེར་ནས་བརྙན་འཕྲིན་ལ་བལྟས་ཚེ།    རྒྱ་སྒོར་༥༠༠༠ ཆད་པ་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག    རང་ཤག་གི་ཁང་གླས་སུ་ཡོད་པའི་སྒེར་གྱི་འཁོར་སྐར་སྡེར་མའི་ཚབ་ལ་རོང་བོ་དགོན་ཆེན་ནང་དུ་རྒྱ་གཞུང་གིས་བརྙན་འཕྲིན་སྐུད་ལམ་འཐེན་བཞིན་ཡོད་འདུག་ལ། སྐུད་ལམ་དང་མཉམ་དུ་སྒམ་ཆུང་གྲུ་བཞི་ཞིག་ཡོད་པ་དེའི་ནང་དུ་ལྐོག་ཉན་ཕབ་ལེན་གྱི་འཕྲུལ་ཆས་ཡོད་མེད་ལ་དགེ་འདུན་པས་དྭོགས་པ་བྱེད་ཀྱི་ཡོད་འདུག
ཁྱིམ་ཚང་རེར་ནས་སྔོན་ཆད་ཀྱི་སླ་ང་ཆེ་བ་དག་ཕར་སྤྲད་ཚེ།  སླ་ང་གསར་བ་རེ་ཚུར་སྤྲད་ཀྱི་ཡོད་པ་དང་།  སྔོན་གྱི་སླ་ང་རྙིང་པ་ཆེ་བ་དག་ཕར་ལ་སྤྲོད་རྒྱུ་མེད་ན་སླ་ང་གསར་བ་དག་ཚུར་ལ་སྤྲོད་ཀྱི་མི་འདུག དགོན་སྡེ་ཁག་ནང་ལ་བརྙན་འཕྲིན་དང་སླ་ང་ཆུང་བ་ཁ་ཚང་རེ་སྤྲད་ཡོད་པ་དང་།   སྡེ་བ་དག་ལ་སླ་ང་མ་གཏོགས་བརྙན་འཕྲིན་སྤྲད་མི་འདུག།  
ཁྱིམ་སྤྱོད་ཁ་པར་དང་བརྙན་འཕྲིན་བསྡུ་ཆས་སམ་བརྙན་སྒམ་གཉིས་གཞི་གཅིག་ཏུ་བསྒྲིལ་ཡོད་འདུག    བརྙན་འཕྲིན་དང་སྡེར་མ་འདི་དག་ནི།    ས་གནས་སོ་སོའི་རླུང་འཕྲིན་ཁང་གིས་སྟེར་བཞིན་ཡོད་པ་དང་ས་གནས་སོ་སོའི་ཤང་སྲིད་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྒང་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎