བོད་ཀྱི་བརྩམས་སྒྲུང་གྲགས་ཅན་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཀྱི་རྩོམ་པ་པོ་བཀྲས་གླིང་དབང་རྡོར་ལགས་སྐུ་གཤེགས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༧ཉིན་བོད་ཀྱི་རྩོམ་པ་པོ་དང་ལོ་ཙྭ་བ། བརྩམ་སྒྲུང་གྲགས་ཅན་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཀྱི་རྩོམ་པ་པོ་བྲག་གདོང་བཀྲས་གླིང་དབང་རྡོར་ལགས་དགུང་ལོ་༨༨སྟེང་ལྷ་སར་སྐུ་གཤེགས་ཡོད་པ་དང་། རྩོམ་པ་པོ་ཁོང་ལ་དེ་སྔ་ནས་དགུང་ལོའི་རྐྱེན་གྱིས་མིག་གི་མི་མཐོང་བའི་སྐྱོན་ཞིག་ཡོད་པ་ལས།ཐེངས་འདིར་རྒྱུ་མཚན་ཅི་ཞིག་གིས་སྐུ་གཤེགས་ཡོད་སོགས་གསལ་ཁ་མེད་ན་ཡང་། རྩོམ་པ་པོ་ཁོང་གིས་བྲིས་གནང་བའི་བརྩམས་སྒྲུང་དང་བསྒྱུར་རྩོམ་དེ་དག་ལ་གོ་སླ་བའི་ཁྱད་ཆོས་ཡོད་སྟབས། བོད་མི་མང་པོར་ཤུགས་རྐྱེན་ཆེན་པོ་བཞག་གནང་ཡོད་སྐོར་བོད་ནང་གི་འབྲེལ་ཡོད་རྩོམ་པ་པོ་ཞིག་གིས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྩོམ་པ་པོ་ཁོང་སྐུ་གཤེགས་པ་དང་འབྲེལ་བོད་ཕྱི་ནང་གཉིས་སུ་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྩོམ་པ་པོ་ཁོང་ལ་མྱ་ངན་དང་ཁོང་གིས་བོད་ཀྱི་རྩོམ་རིག་ཐད་བཞག་པའི་མཛད་རྗེས་སྐོར་ལ་གླེང་སློང་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ནས།བཀྲས་གླིང་དབང་རྡོར་ལགས་ལ་མཚོན་ན་ལོ་རབས་༩༠པའི་ནང་གི་བོད་ཀྱི་ཤེས་ཡོན་པ་དང་སློབ་གཉེར་བ་ཚོར་ཤུགས་རྐྱེན་ཆེན་པོ་སྤྲོད་གནང་མཁན་ཞིག་ཡིན་པ་དང་། ཁོང་གིས་དབྱིན་ཡིག་མཁྱེན་གྱི་ཡོད་སྟབས་དབྱིན་ཡིག་གི་ཚིག་དང་བོད་ཀྱི་དེ་སྔའི་གཞུང་ཡིག་སོགས་ཀྱིས་ཁོང་གིས་བྲིས་གནང་བའི་བརྩམས་སྒྲུང་ལ་མཚོན་ན་གསོན་ཉམས་ལྡན་པའི་དམིགས་བསལ་ཁྱད་ཆོས་ཡོད་སྐོར་བརྗོད་བྱུང་།
བཀྲས་གླིང་དབང་རྡོར་ལགས་ནས་ཕྱི་ལོ་༡༩༩༡ལོར་གཞུང་གི་ལས་ཀ་ནས་ངལ་གསོ་བྱས་པ་དང་འབྲེལ།སྒྲུང་རིང་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་རྩོམ་གནང་མཛད་རྗེས། བོད་ཀྱི་ཤེས་ཡོན་པའི་སྡེར་ཡོངས་གྲགས་དང་བརྩམས་སྒྲུང་དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག། ཉི་ཧོང་སྐད་ཡིག་སོགས་སྐད་ཡིག་མང་པོའི་ནང་བསྒྱུར་ཡོད་པ་དང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་ཨ་འབྲུག་དཀོན་མཆོག་ལགས་ནས། རྩོམ་པ་པོ་ཁོང་གི་བྲིས་གནང་བའི་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ལ་རྩོམ་རིག་གི་ངོས་ནས་ལག་ཆ་གཙོ་བོ་ཞིག་འདས་དོན་གྱི་ལོ་རྒྱུས་དང་། འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་ཀྱི་དོན་དངོས་ཞིབ་འབྲི་བྱས་ཡོད་པའི་དངོས་ཡོད་རིང་ལུགས་ཀྱི་ཁྱད་ཆོས་དང་རིན་ཐང་ལྡན་པ་ཞིག་ཡིན་སྐོར་གསུང་སོང་།
དེ་མིན་ཁོང་གིས་འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་ནང་སྙན་གྲགས་ཡོད་པའི་རྩོམ་པ་པོ་ཤེག་སེ་ཕི་ཡར་(Shakespeare)གྱི་བརྩམས་སྒྲུང་ཁག་ལས་ཧམ་ལེ་ཐི(hamlet)དང་། རོ་མེའོ་དང་འཇུ་ལི་ཀྲི(Romeo and Juliet)སོགས་བོད་ཡིག་ནང་བསྒྱུར་གནང་མཛད་ཡོད་པ་དང་། ཡང་ཨ་འབྲུག་དཀོན་མཆོག་ནས་རྩོམ་པ་པོ་ཁོང་སྤྱིར་རྩོམ་རིག་ལ་འཇུག་པའི་དུས་ཚོད་དགུང་ན་དགྲེས་པའི་སྐབས་དང་། དེ་བཞིན་ཁོང་གི་མི་ཚེའི་ཕྱེད་ཀ་དེ་ཡིག་བསྒྱུར་ལ་བཀོལ་ཡོད་པ་དང་། མི་རབས་རྒན་པ་ཞིག་གིས་བསམ་བློ་གསར་བ་བཏང་སྟེ་གཞན་རྩོམ་མང་པོ་བོད་ཡིག་ལ་བསྒྱུར་ཡོད་སྟབས།ལག་ལེན་དང་སྙིང་སྟོབས་ཀྱི་ངོས་ནས་དཔེ་མཚོན་རང་བཞིན་ཞིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
རྩོམ་པ་པོ་བཀྲས་གླིང་དབང་རྡོར་ལགས་ནི་ཕྱི་ལོ་༡༩༣༤ལོར་བོད་ལྗོངས་རྒྱལ་རྩེ་རྫོང་གི་སྐུ་དྲག་ཅིག་གི་ཁྱིམ་བརྒྱུད་ནས་སྐུ་འཁྲུངས་ཤིང་། ཕྱི་ལོ་༡༩༤༦ལོར་སྐབས་དེའི་བོད་གཞུང་བཀའ་ཤག་གི་བཀོད་ཁྱབ་བཞིན་རྒྱ་གར་(Joseph)སློབ་གྲྭར་བཏང་བའི་སློབ་མ་བཅུའི་ཁྲོད་ཀྱི་གཅིག་ཡིན་པ་དང་། རྗེས་སུ་ཕྱིར་བོད་དུ་ལོག་རྗེས་ལྷ་ས་སློབ་ཆུང་དང་པོ་དང་གཞིས་རྩེ་ལས་བྱེད་སློབ་གྲྭར་དགེ་རྒན་གྱི་ལས་གཉེར་དང་། བོད་རང་སྐྱོང་ལྗོངས་སློབ་གསོ་ལྷན་ཚོགས་དང་ཡུལ་སྐོར་ལས་ཁུངས་སོགས་སུ་ལས་གཉེར་བྱས་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
དྲ་ཐོག་རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།