༸སྐྱབས་རྗེ་རྭ་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་གྲུབ་ཡོད་པ།

2022.05.30
༸སྐྱབས་རྗེ་རྭ་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་གྲུབ་ཡོད་པ།
Photo/Nicholas Vreeland

སྤྱི་ལོ་༢༠༢༢ ལོའི་སྤྱི་ཟླ་༥ པའི་ཚེས་༣༠ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོའི་ཕྱག་ཚོད་༧ པའི་ཐོག་༸སྐྱབས་རྗེ་རྭ་སྟོད་སྐྱོང་བླ་རིན་པོ་ཆེ་ངག་དབང་བློ་བཟང་བཤད་སྒྲུབ་བསྟན་པའི་སྒྲོན་མེ་དཔལ་བཟང་པོ་མཆོག་སྐུ་ཞི་བར་གཤེགས་པའི་སྐུ་གདུང་དེ་བཞིན་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་འབུལ་གྲུབ་ཡོད་པ་རེད།

 རྭ་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་གི་༸སྐུ་གདུང་ཞུགས་འབུལ་སྐབས་ཡོངས་འཛིན་གླིང་མཆོག་སྦྲུལ་རིན་པོ་ཆེ་དང་། ཟོང་མཆོག་སྦྲུལ་རིན་པོ་ཆེ། གསེར་སྐོང་མཚན་ཞབས་མཆོག་སྦྲུལ་རིན་པོ་ཆེ་། རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ། སྟག་ཚང་རྭ་བ་སྟོད་པའི་མཁན་རིན་པོ་ཆེ་དབུས་པའི་རྭ་སྟོད་གྲྭ་ཚང་གི་དགེ་འདུན་པ་རྣམ་པ་སོགས་ལྷན་བཞུགས་གནང་འདུག་ཅིང་། སྐབས་དེར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་པོ་དང་བླ་མ་དབུ་མཛད་དབུས་པའི་དགེ་འདུན་པ་རྣམས་ཀྱིས་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྒོ་ནས་གདུང་ཆོག་དང་། འདུས་དམངས་ནས་གསང་འདུས་རྩ་རྒྱུད་དང་སྨོན་ལམ་གསུངས་ནས་སྐུ་གདུང་ཞུགས་འབུལ་གནང་ཡོད་པ་རེད།

རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་གངས་དཀར་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས། ༸སྐྱབས་རྗེ་སྐྱོང་བླ་རིན་པོ་ཆེ་མཆོག་ནི་༡༩༥༩ གོང་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དང་དམིགས་བསལ་གྱི་འབྲེལ་ཡོད་པ་གསུངས་ཤིང་། སྤྱི་ཟླ་༥ པའི་ཚེས་༢༥ ཉིན་གྱི་སྔ་དྲོ་སྐྱོང་བླ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་རྗེས་ཉིན་གྲངས་གསུམ་རིང་ཐུགས་དམ་བཞུགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

DSC_5214.JPG

 ༸སྐྱབས་རྗེ་རྭ་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་ནི་མདོ་སྔགས་གཉིས་ཀྱི་ཐོག་ལ་མཁྱེན་རྒྱ་ཆེ་ཞིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་གྲོགས་ཡིན་པ་མ་ཟད། ༸རྒྱལ་བའི་ཡོངས་འཛིན་རྣམ་གཉིས་ཀྱི་དྲུང་ནས་དབང་ལུང་མན་ངག་མང་པོ་གསན་མྱོང་ཡོད་པ་དང་། ལྷག་པར་དུ་རིན་པོ་ཆེ་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གྱི་ཐོག་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་ཡོད་པ་གངས་དཀར་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་འགྲེལ་བརྗོད་གནང་བྱུང་།

 རྭ་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པའི་རྗེས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྭ་སྟོད་གྲྭ་ཚང་དང་། ཉག་རེ་ཁང་ཚན། དེ་བཞིན་ཨ་རིའི་ཆོས་ཚོགས་ཀུན་སྐྱབས་ཐར་འདོད་གླིང་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐྱོང་བླ་རིན་པོ་ཆེའི་ཡང་སྤྲུལ་མྱུར་བྱོན་གྱི་སྨོན་ཚིག་ཅིག་མགོན་པོ་གང་ཉིད་མཆོག་གི་མཚན་ཐོག་ནས་སྤྱི་ཟླ་༥ པའི་ཚེས་༢༧ ཉིན་བསྩལ་གནང་མཛད་འདུག

རྭ་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་ནི་བོད་མདོ་ཁམས་བྲག་གཡབ་ཏུ་ཕྱི་ལོ་ ༡༩༢༣ ལོར་འཁྲུངས་པ་དང་། དགུང་ལོ་ ༥ ལ་ཕེབས་སྐབས་༧རྒྱལ་བ་སྐུ་ཕྲེང་ ༡༣ ཆེན་པོས་སྐྱོང་བླ་སྐུ་ཕྲེང་ ༡༠ པའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་། ཁོང་དགུང་ལོ་ ༦ བཞེས་སྐབས་རབ་ཏུ་བྱུང་ནས་ར་སྟོད་གྲྭ་ཚང་དུ་ཆོས་ཞུགས་གནང་བའི་རྗེས། རིམ་པས་འབྲས་སྤུངས་དུ་གཞུང་ཆེན་སློབ་གཉེར་གནང་སྟེ་ཁོང་དགུང་ལོ་ ༢༡ ཙམ་ལ་ཕེབས་སྐབས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཡོད་འདུག

 

གསར་འགོད་པ། བློ་བཟང་དགེ་ལེགས།  
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎