གངས་སྐྱིད་དུ་བོད་མི་ཁག་ཅིག་གིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག

2021.08.09
གངས་སྐྱིད་དུ་བོད་མི་ཁག་ཅིག་གིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག གངས་སྐྱིད་དུ་བོད་མི་ཁག་ཅིག་གིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ། ༨།༩།༢༡
RFA/Dhasa

བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་ངེས་པར་དུ་ཁྲིམས་ཞིབ་ཁང་ནས་ཁ་བྲལ་དགོས་ཞེས་གངས་སྐྱིད་དུ་བོད་མི་ཁག་ཅིག་གིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག
བཙན་བྱོལ་བོད་མི་གྲངས་༢༥་ནས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས། ཁྲིམས་ཞིབ་ཁང་ནས་ཁ་བྲལ་དགོས་པའི་དགོས་འདུན་བཏོན་ནས་སྤྱི་ཟླ་༨་པའི་ཚེས་༩་ནས་སྤྱི་ཟླ་༨་པའི་ཟླ་མཇུག་བར། བཞུགས་སྒར་གངས་སྐྱིད་སྤོ་ལོ་རྩེད་ཐང་དུ་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་དང་། ལས་འགུལ་བའི་མགྲིན་ཚབ་པ་བྱང་ཆུབ་རིན་ཆེན་ལགས་ཀྱིས། ཁོང་ཚོའི་དགོས་འདུན་གཙོ་བོ་ནི་ཁྲིམས་ཞིབ་པ་གསུམ་ངེས་པར་དུ་ཁྲིམས་ཞིབ་ཁང་ནས་ཁ་བྲལ་དགོས་པ་དེ་ཡིན་པ་གསལ་སྟོན་གནང་གི་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦་པའི་གྲོས་ཚོགས་ཚོགས་དུས་༡༠་པའི་ཐོག སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་གྱིས་གྲོས་ཆོད་ཡིག་ཆ་ཨང་༣༩་བཞག་སྟེ། གྲོས་ཆོད་ཀྱི་དགོངས་དོན་བཞིན་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་རྗེས། ཁྲིམས་ཞིབ་པ་རྣམ་པ་གནས་སྐབས་ལས་གནས་ནས་བཤོལ་ཡོད་ཀྱང་། རྗེས་སུ་སྐབས་༡༦་པའི་སྤྱི་འཐུས་ལས་ཐོག་༡༩་ནས་མཚན་བཀོད་ཕྱག་བྲིས་ཕུལ་བ་དང་། སྤྱི་འཐུས་གཉིས་ནས་ཕྱག་བྲིས་གནང་བ་བརྒྱུད་ཡིག་ཆ་༣༩་བཅའ་ཁྲིམས་དང་འགལ་བ་ཡིན་ལུགས་དང་། ཁྲིམས་ཞིབ་པ་ཚོས་མུ་མཐུད་ལས་ཁུར་རྒྱུན་སྐྱོང་ཡོང་བའི་རེ་བ་བཏོན་པ་བཞིན། ཟླ་བ་གཉིས་ཀྱི་རྗེས་སུ་ཁྲིམས་ཞིབ་པ་གསུམ་ལས་གནས་སུ་ཕྱིར་ལོག་གནང་སྐབས། སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་“ད་ནས་བཟུང་སྟེ་སྤྱི་འཐུས་རྒྱུན་ལས་ནས་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་གཏན་འབེབས་གནང་བའི་གྲོས་ཆོད་ཡིག་ཆ་ཨང་༣༩་པའི་དགོངས་དོན་མཇུག་སྐྱོང་བྱ་ཐབས་གང་ཡང་མི་འདུག་”ཅེས་ཡོངས་བསྒྲགས་གནང་ཡོད་པ་རེད། ཡིན་ནའང་། ལས་འགུལ་བའི་མགྲིན་ཚབ་པ་བྱང་ཆུབ་རིན་ཆེན་གྱིས་སྲིད་སྐྱོང་གི་དམ་འབུལ་དང་བར་བརྒལ་ཚོགས་གཙོའི་དམ་འབུལ་ཁྲིམས་མཐུན་མ་ཆགས་པ་དང་། སྤྱི་འཐུས་ཚོས་དམ་འབུལ་ཁག་གཉིས་སུ་བྱ་དགོས་པ་བཅས་ཀྱི་རྐྱེན་རྩ་གཙོ་བོ་ཁྲིམས་ཞིབ་པ་གསུམ་ལ་ཐུག་ཡོད་པས། སྤྱི་འཐུས་ཀྱི་ཐག་གཅོད་གཞིར་བཟུང་ཁྲིམས་ཞིབ་པ་གསུམ་མར་ཕེབས་དགོས་པ་འགྲེལ་བརྗོད་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གནས་ཚུལ་དེའི་ཐད་བཀའ་འདྲི་དགོངས་སྐོར་ཞུས་སྐབས། ཉེ་སྔོན་སྤྱི་ཟླ་༥་པའི་ཚེས་༢༤་ཉིན། ཁྲིམས་ཞིབ་པ་གསུམ་ནས་ལས་ཁུར་རྒྱུན་སྐྱོང་གི་ཐག་གཅོད་ནང་གསལ། བོད་མིའི་སྒྲིག་འཛུགས་རྒྱུན་གནས་དང་། མང་གཙོའི་ལམ་ལུགས་སྲུང་སྐྱོབ། ལྷག་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་བསུན་མི་འབྱུང་བ་བཅས་ཀྱི་ཆེད། ང་ཚོས་ལས་ཁུར་རྒྱུན་སྐྱོང་བྱ་རྒྱུའི་ཐག་གཅོས་བྱས་པ་ཡིན་ཞེས་ཡོངས་བསྒྲགས་གནང་བ་དེར་འགྱུར་བ་མེད་པ་ཅེས་འཁོད་པ། དེ་ག་རང་དུ་གནས་ཡོད་པའི་ལན་འདེབས་གནང་བྱུང་།
ལས་འགུལ་དུ་མཉམ་ཞུགས་གནང་མཁན་ཚེ་བརྟན་ལྷ་མོ་ལགས་ནས། ཁྲིམས་ཞིབ་པ་གསུམ་གྱིས་བཟང་སྤྱོད་ཐོག་ནས་དགོངས་པ་མ་ཞུས་ན། བོད་མིའི་སྒྲིག་འཛུགས་ཀྱི་ལོ་ལྔ་ཚན་དེར་འཐུས་ཤོར་ཆེན་པོ་འགྲོ་ཡི་རེད་ཅེས་དང་། ཡང་ལས་འགུལ་མཉམ་ཞུགས་པ་གྲྭ་དགའ་འཕེལ་ལགས་ནས། ཁྲིམས་ཞིབ་པ་གསུམ་ངེས་པར་དུ་ཁྲིམས་ཞིབ་ཁང་ནས་མར་ཕེབས་ཏེ། སྤྱི་འཐུས་གྲོས་ཚོགས་འཚོགས་ཐུབ་པ་དང་བཀའ་བློན་འདེམས་ཐུབ་ཐབས་གནང་དགོས་པ་འགྲེལ་བརྗོད་གནང་གི་འདུག
གཞི་རྩའི་སྤྱི་ཟླ་༥་པའི་ཚེས་༢༤་སྟེ་ཁྲིམས་ཞིབ་པ་གསུམ་ནས་ལས་ཁུར་རྒྱུན་སྐྱོང་གནང་བའི་ཉིན་དེར། “ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་སླར་ཡང་ལས་ཁུར་ཟིན་པའི་གསལ་བསྒྲགས་དེའི་དོན་ཚན་གཉིས་པའི་ནང་། སྤྱི་དམངས་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལྟར། ཁྲིམས་ཞིབ་པ་གསུམ་ཕྱོགས་ལྷུང་གི་ཉེན་སྐྱོན་འགོག་ཆེད་ལས་འགན་ཕྱིར་བཤོལ་བྱེད་སྲོལ་ཡོད་པ་ལྟར། ཁྲིམས་ཞིབ་པའི་ལས་འགན་རེ་ཞིག་བཤོལ་བ་མ་གཏོགས། ཁྲིམས་མཐུན་མ་ཡིན་པའི་གྲོས་ཆོད་ཡིག་ཆ་ཨང་༣༩་ནང་གསལ་འཕོ་འགྱུར་ངོས་ལེན་བྱས་པ་ཞིག་མིན་ལ། ལས་འགན་རྩ་དགོངས་ཞུས་པ་ཞིག་ཀྱང་མིན་ཞེས་”ཞེས་གསུངས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཨྱོན་བསྟན་འཛིན།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎