མཚན་སྨད་ཞུ་མཁན་དེར་བོད་མི་སྒྲིག་འཛུགས་གཙོས་འབྲེལ་ཡོད་ནས་ཁྲིམས་གཏུགས་དགོས་ཤིང་། ཁྲིམས་གཏུགས་ཀྱི་ལས་དོན་ཐད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བརྒྱད་ཀྱིས་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་ཡིན་པའི་ངོ་རྒོལ་བསྒྲགས་གཏམ་སྤེལ་བ།
ཟླ་ ༩ པའི་ཚེས་ ༢༣ ཉིན་གྱི་སྔ་དྲོར་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བརྒྱད་ཐུན་མོང་ནས་ཉེ་ལམ་ཨའོསི་ཊརེ་ལི་ཡའི་ལྷོ་ཕྱོགས་ས་ཁུལ་ཨེ་ཌེལ་ལེ་ཌེ་ (Adelaide) ཞེས་པའི་ས་གནས་སུ་གནས་སྡོད་བྱེད་མཁན་མིང་ལ་སེང་གེ་དང་དྲྭ་མིང་ལ་གངས་སེང་ཟེར་མཁན་ཞིག་གིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚད་ལས་བརྒལ་བའི་མཚན་སྨད་དང་༸མགོན་པོ་མཆོག་གི་སྐུ་སྲོག་ལའང་ཉེན་ཁ་བཟོ་རྒྱུ་ཡིན་ཞེས་བརྗོད་པ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཏོར་བཤིག་གཏོང་བའི་བསམ་ངན་སྦྱོར་རྩུབ་ཀྱི་བརྒྱུད་སྐུལ་བྱས་པ་དེར་ངོ་རྒོལ་མཚོན་ཆེད་དུ་བཞུགས་སྒར་ས་གནས་འགོ་འཛིན་གྱི་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།
སྐབས་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱི་ངོ་རྒོལ་བསྒྲགས་གཏམ་ཁྲོད། མི་ངན་སེང་གེ་ཟེར་བ་དེས་བྱས་པའི་བྱ་ངན་ལ་དབུས་བོད་མི་སྒྲོག་འཛུགས་གཙོས་འབྲེལ་ཡོད་ནས་ཁྲིམས་གཏུགས་གནང་དགོས་པའི་འབོད་སྐུལ་ཞུས་པ་དང་། ཁྲིམས་གཏུགས་སོགས་ལས་འགུལ་གང་སྤེལ་བ་ཡིན་ན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བརྒྱད་ཀྱིས་ཕྱཪ་གྲུ་མཉམ་འདེགས་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།
མ་ཟད་ཁོང་གིས། མཚན་སྨད་ཞུས་མཁན་གྱི་གང་ཟག་དེས་ང་ཚོ་བོད་མིའི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་མགོན་སྐྱབས་དམ་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྲོག་ལ་དོ་ཕོག་གཏོང་སེམས་ཀྱི་སྒྲ་གཟུགས་གཉིས་ཐོག་ནས་མཚན་སྨད་བསམ་ཡུལ་ལས་འདས་པ་ཞུས་ཡོད་པས། ཚོགས་པ་བརྒྱད་ངོས་ནས་ཁོ་བོད་མི་རིགས་ཀྱི་ཆིག་སྒྲིལ་གཏོར་བཤིག་གཏོང་མཁན་དང་འཇིགས་སྐུལ་བར་ངོས་འཛིན་བྱས་ཐོག་གནས་ཡུལ་རྒྱ་གར་གཞུང་དང་། ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་། ཁོས་སྤྱི་ཚོགས་སུ་བཀྲམས་པའི་སྒྲ་གཟུགས་གཉིས་དང་། ཁོའི་ལོ་རྒྱུས་སོགས་མཁོ་སྤྲོད་ཀྱིས་བོད་ཀྱི་བླ་ན་མེད་པའོ་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་བདེ་འཇགས་དང་འབྲེལ་བའི་ཐོག་ནས། རྒྱ་གར་ནང་ལ་ཡོང་མི་བཅུག་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང་།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། མི་མང་རྣམས་ནས་མི་ངན་དེ་ལྟ་བུའི་བྱ་ངན་ལ་ངོས་ལན་མེད་པའི་ངོ་རྒོལ་གྱི་རྣམ་འགྱུར་ངེས་པར་དུ་སྟོན་དགོས་པ་དང་། སྐུ་མདུན་གི་དགོངས་པ་དང་མཚུངས་བོད་མི་རིགས་ཀྱི་གཤིས་ཀ་དང་མཐུན་པའི་ཐོག་ནས་གདོང་ལེན་བྱ་དགོས་པ་དེ་ཤིན་ཏུ་ནས་འགལ་གནད་ཆེན་པོ་ཡིན་པ་གསུངས་བྱུང་།
གཞན་ཡང་དེ་རིང་གི་ངོ་རྒོལ་བསྒྲགས་གཏམ་གསལ་བསྒྲགས་ཐོག་ཚོགས་ཞུགས་གནང་མཁན་གྱི་ཚོགས་མི་འཆི་མེད་སྒྲོལ་མ་ལགས་ནས། ཨའོསི་ཊརེ་ལི་ཡའི་ནང་དུ་གནས་སྡོད་བོད་མི་ཡོངས་ནས་མི་ངན་སེང་གེ་ཟེར་བ་དེར་ངེས་པར་དུ་གུ་ཡང་མེད་པའི་ཐོག་ནས་ཁོས་བྱས་པའི་བྱ་ངན་དེ་འདྲ་བར་མ་འོངས་པར་མི་ཡོང་བའི་དོན་དུ་མི་ངན་དེར་ཁྲིམས་གཏུགས་སོགས་གང་བྱ་དགོས་ཡོད་མེད་ལ་གཟིགས་ནས་ངེས་པར་དུ་ལག་ལན་བསྟར་རོགས་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཐེངས་འདིའི་ངོ་རྒོལ་བསྒྲགས་གཏམ་སྤེལ་མཁན་གྱི་ཚོགས་པ་བརྒྱད་ནི། དབུས་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་། དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་། མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་། བོད་ལྗོངས་མདོ་སྨད་ཆོལ་ཁའི་་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་བཅས་ཡིན་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།