རྒྱ་ནག་གཞུང་གིས་ཕོ་བྲང་པོ་ཏཱ་ལའི་མཆོད་མཇལ་དུས་ཚོད་ཉུང་དུ་བཏང་སྟེ་མཇལ་སྐོར་གྱི་ལམ་ཁ་ཁག་ཏུ་དམག་དཔུང་གི་སྲུང་སྐྱོབ་འཐབ་ར་བཟོ་བཞིན་ཡོད་པ།

2023.02.20
རྒྱ་ནག་གཞུང་གིས་ཕོ་བྲང་པོ་ཏཱ་ལའི་མཆོད་མཇལ་དུས་ཚོད་ཉུང་དུ་བཏང་སྟེ་མཇལ་སྐོར་གྱི་ལམ་ཁ་ཁག་ཏུ་དམག་དཔུང་གི་སྲུང་སྐྱོབ་འཐབ་ར་བཟོ་བཞིན་ཡོད་པ། ཕྱི་ཚེས་༢༠ཉིན་རྒྱ་ནག་གཞུང་འབྲེལ་གྱིས་ཕོ་བྲང་པོ་ཏཱ་ལའི་མཆོད་མཇལ་དུས་ཚེས་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕོ་བྲང་པོ་ཏཱ་ལ་དེ་ལོ་སར་ཚེས་༡ཉིན་གྱི་སྔ་དྲོ་སྒོ་ཕྱེ་རྒྱུ་དང་། ཕྱི་ཚེས་༢ཉིན་ཡང་བསྐྱར་བདེ་འཇགས་དང་སྲུང་སྐྱོབ་ཆེད་སྒོ་བརྒྱབ་རྒྱུ་ཡིན་པ་བཀོད་ཡོད་པ་།
Reuters File Photo

ཕྱི་ཟླ་༢ཚེས་༢༡ཉིན་ནི་བོད་ཀྱི་ལོ་གསར་དུས་ཆེན་ལ་ཁེལ་ཡོད་པ་བཞིན། འདི་ཚེས་༢༠་ཉིན་སྟེ་ལོ་གསར་གནམ་གང་ཉིན་མོར། རྒྱ་ནག་གཞུང་གིས་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས། མཆོད་མཇལ་བ་ཚོ་ཕོ་བྲང་པོ་ཏཱ་ལར་གཏོང་གི་མེད་པར་སྒོ་བརྒྱབ་ཡོད་པ་དང་། ལྷ་སའི་ཕོ་བྲང་པོ་ཏཱ་ལ་དང་གཙུག་ལག་ཁང་གཙོས་མི་མང་འདུ་འཛོམས་བྱེད་ས་ཁག་ཏུ། དམག་མི་དང་ཉེན་རྟོག་པས་སྲུང་སྐྱོབ་འཐབ་ར་སོགས་བཟོས་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།

ཕྱི་ཚེས་༢༠ཉིན་རྒྱ་ནག་གཞུང་འབྲེལ་གྱིས་ཕོ་བྲང་པོ་ཏཱ་ལའི་མཆོད་མཇལ་དུས་ཚེས་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕོ་བྲང་པོ་ཏཱ་ལ་དེ་ལོ་སར་ཚེས་༡ཉིན་གྱི་སྔ་དྲོ་སྒོ་ཕྱེ་རྒྱུ་དང་། ཕྱི་ཚེས་༢ཉིན་ཡང་བསྐྱར་བདེ་འཇགས་དང་སྲུང་སྐྱོབ་ཆེད་སྒོ་བརྒྱབ་རྒྱུ་ཡིན་པ་བཀོད་ཡོད་པ་དང་། ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས་ལོ་སར་དང་འབྲེལ་མཆོད་མཇལ་བྱེད་ཡུལ་ཁག་སྒོ་བརྒྱབ་བཞིན་ཡོད་པས། ཐག་རིང་ནས་ཡོང་བའི་མཆོད་མཇལ་བ་ཚོས་མཇལ་སྐོར་བྱེད་མ་ཐུབ་པར་དཀའ་ཁག་འབྱུང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་ཡང་གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། ཕྱི་ཚེས་༡༩ཉིན་སྟེ་ལྷ་ས་ཁུལ་དུ་དགོན་པ་ཁག་གི་དགུ་གཏོར་ལ། རིམས་ནད་འགོས་ཁྱབ་མི་ཡོང་ཆེད་ཡིན་སྐོར་བརྗོད་ནས་མི་མང་འདུ་འཛོམས་ལ་ཚོད་འཛིན་དང་། ཕྱི་དྲོ་དགུ་གཏོར་གྱི་གླུད་གཡུག་སྐབས་ནམ་རྒྱུན་ལྟར་མི་མང་འདུ་འཛོམས་བྱེད་བཅུག་མེད་པར་ས་གནས་གང་སར་ཉེན་རྟོག་པས་ལྟ་རྟོག་འོག་ཡོད་པ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་ནམ་རྒྱུན་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ས་ཁུལ་མང་པོར་མི་མང་འདུ་འཛོམས་དང་དུས་དྲན་སོགས་ཀྱི་སྐབས་ཉེན་རྟོག་པ་འགྲེམས་འཇོག་ཤུགས་ཆེར་བྱེད་བཞིན་པ་རེད་ལ། རྒྱ་ནག་གཞུང་གིས་འདི་ལོ་བོད་ནང་སྤྱི་ཚོགས་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ཉིན་ཤས་སྔོན་ལྷ་ས་ཁུལ་དུ་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས་དམ་དྲག་དང་ཞིབ་བཤེར་ཤུགས་ཆེར་བྱེད་བཞིན་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།  
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎