རྒྱ་ནག་གི་ཉེན་རྟོག་པས་བོད་མིར་གཅར་རྡུང་བཏང་འདུག
2014.09.23
མཚོ་སྔོན་གཅན་ཚ་དང་ཡུལ་ཤུལ་ནས་རྒྱ་ནག་གི་ཉེན་རྟོག་པས་སོ་སོར་བོད་མིར་གཅར་རྡུང་བྱས་བའི་གནས་ཚུལ་བྱུང་འདུག
ཡུལ་ཤུལ་ཆུ་དམར་རྫོང་གི་བོད་རིགས་ན་གཞོན་བཞི་ལ་ས་གནས་རྒྱ་ནག་གི་དྲག་ཆས་ཉེན་རྟོག་དམག་མིས་ཉེས་རྡུང་ཚད་མེད་བཏང་ཡོད་པ་དང་། དེ་ནི་ཟླ་བ་འདིའི་ཚེས་ ༢༢ཉིན་གྱི་མཚན་མོ་མཚོ་སྔོན་ཞིང་ཆེན་ཁོངས་སུ་ཡོད་པའི་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་དུ་གནས་སྡོད་རྒྱ་མིའི་དྲག་ཆས་ཉེན་རྟོག་དམག་མི་༢༠ནས་༣༠ལྷག་གིས་ཨ་རག་འཐུང་ནས། རྫོང་གི་ཁྲོམ་གཞུང་དུ་བོད་རིགས་གཞོན་སྐྱེས་བཞི་ལ་ཉེས་རྡུང་དྲག་པོ་བཏང་ནས་བོད་མི་གཅིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་ནས་སྨན་ཁང་དུ་མྱུར་སྐྱོབ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། གཞན་གསུམ་ལའང་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པའི་འདྲ་པར་དང་བཅས་ཕྱི་ལ་ཁྱབ་ཡོད་པ་རེད།
ཡང་འདི་ག་རླུང་འཕྲིན་ཁང་ལ་ད་ལྟ་ཨ་རིའི་ནང་ཡོད་པའི་འཇམ་དབྱངས་དར་ལགས་ཀྱིས་བརྗོད་ན། སྤྱི་ཟླ་༩པའི་ཚེས་༡༠ཉིན་ནས་ཉིན་གྲངས་གསུམ་རིང་མཚོ་སྔོན་ཞིང་ཆེན་མདོ་སྨད་གཅན་ཚ་རྫོང་མར་ཁུ་ཐང་གྲོང་བརྡལ་དུ་། སྤྱི་ལོ་༢༠༡༤ལོའི་གཅན་ཚའི་མདའ་རྩེད་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་དང་། མདའ་སྟོན་རིག་གནས་དུས་ཆེན་སྐབས་གསུམ་པ་དེ་འཚོགས་ཡོད་ལ། ཡང་མདའ་རྩེད་དེའི་ཉིན་གཉིས་པ་སྟེ་ཚེས་༡༡ཉིན་གྱི་ཕྱི་དྲོར་། ཉིན་དེའི་ལས་རིམ་མཇུག་སྒྲིལ་རྗེས་། ལྟད་མོ་བ་ཚོས་མདའ་རྩེད་ཐང་ཆེན་དེ་ནས་དགོངས་ཚོགས་གསོལ་ཚིགས་དུས་སུ། གཙན་ཚ་རྫོང་གི་ཉེན་རྟོག་པ་ཁ་ཤས་ར་བཟི་ནས་ཚོགས་རར་ཡོང་སྟེ། དེར་ཡོད་པའི་མི་ཚང་མས་ཁོང་ཚོར་ཨ་རག་འདྲེན་དགོས་ཚུལ་དང་དེ་ལྟར་མ་བྱས་ན། ལས་འགུལ་འདི་སྔོན་ལ་མཇུག་སྒྲིལ་དུ་འཇུག་རྒྱུ་ཡིན་ཚུལ་ཉེན་བརྡ་བརྒྱབ་ཡོད་པས། སྐབས་དེར་གཅན་ཚ་རྫོང་གི་ཚོང་བ་དབང་ཕྱུག་གི་ཕུ་བོས་ཉེན་རྟོག་པར་། དེ་ནི་བཅའ་ཁྲིམས་གང་ནང་བཀོད་ཡོད་པ་དང་མི་མང་དཀྱུས་མ་ཚོས་སོ་སོའི་དངུལ་གྱིས་ཟ་མ་ཟ་བ་ཁྲིམས་འགལ་ཡིན་མིན་སོགས་དོག་འདྲི་བྱེད་སྐབས་། ཉེན་རྟོག་པས་དབང་ཕྱུག་གི་ཕུ་བོ་བཙན་ཤེད་ཀྱིས་ཉེན་རྟོག་རླངས་འཁོར་ནང་ཁྲིད་ཡོད་པ་དང་། གནས་ཚུལ་དེ་མཐོང་མ་ཐག་ཚོང་བ་དབང་ཕྱུག་དང་ཁོང་གི་གྲོགས་པོ་བ་ཡན་རྫོང་ནས་ཡོང་བའི་བསྟན་འཛིན་རིན་ཆེན་གཉིས་ཀྱིས་བར་འདུམ་བྱེད་སྐབས། ཉེན་རྟོག་པས་ཁོང་གསུམ་པོ་རླངས་འཁོར་ནང་བཞག་ནས་གཅན་ཚ་རྫོང་ལྟ་སྲུང་ཁང་དུ་ཁྲིད་པའི་ལམ་བར་ནས་ཉེན་རྟོག་པ་ཉི་ཤུ་ལྷག་གིས་གཅར་རྡུང་དང་བརྙས་བཅོས་ཚད་མེད་བྱས་ཡོད་པ་མ་ཟད། ཉིན་དེའི་མཚན་མོར་ཉེན་རྟོག་པ་བརྒྱད་ཀྱིས་སྦི་རག་སྒམ་གཅིག་ཁྱེར་ཡོང་ནས་འཐུང་ཞོར་དུ། བོད་མི་དེ་གསུམ་པོ་གནམ་ལ་བཏེགས་ནས་སྦི་རག་འཐུང་ཚར་བའི་ཤེལ་དམ་ཁོང་ཚོའི་རྩིབ་རུས་དང་པུ་མོའི་ཐོག་བཞུས་བ་དང་། དེ་ནས་ཁོང་ཚོ་མར་སར་གཡུག་ནས་ལུས་ཐོག་ཏུ་གཅིན་པ་བཏང་ནས་གཅར་རྡུང་དང་བརྙས་བཅོས་བྱས་རྗེས་ཕྱིན་ཡོད་འདུག ཚེས་༡༢ཉིན་གྱི་ཞོགས་པར་ལྟ་སྲུང་ཁང་གི་ཉེན་རྟོག་པས་བསྟན་འཛིན་རིན་ཆེན་འགུལ་རྒྱུ་མེད་པར་ཁ་ནས་ཝུ་བ་དཀར་པོ་བཞུར་བཞིན་ས་ལ་འགྱེལ་བ་མཐོང་ནས་། དེ་ཐག་རྨ་ལྷོ་ཁུལ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ཚེས་༡༣ཉིན་ཟི་ལིང་གི་རྒྱ་གྲམ་དམར་པོའི་སྨན་ཁང་དུ་བསྐྱལ་ཡོད་ལ། སྨན་ཁང་གི་རྟོག་ཞིབ་ཡི་གེའི་ནང་ཁོང་གི་རྩིབ་རུས་དྲུག་བཅག་པ་སོགས་བཀོད་ཡོད། ཟི་ལིང་གི་སྨན་ཁང་དེ་ནས་བདུན་ཕྲག་གཅིག་རིང་སྨན་བཅོས་རྗེས་སུ། ཚེས་༢༠ཉིན་གློ་བུར་དུ་གཅན་ཚ་རྫོང་གི་ཉེན་རྟོག་པས་ཡོང་ནས་བསྟན་འཛིན་རིན་ཆེན་ཕྱིར་གཅན་ཚ་རྫོང་སྨན་ཁང་དུ་ཁྲིད་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། ད་ལྟ་ཁོང་གིས་སྔར་བཞིན་ཟ་བ་ཟ་མི་ཐུབ་པ་དང་སྐད་ཆ་བཤད་མི་ཐུབ་པར་ཚེ་སྲོག་གི་ཉེན་ཁའི་གནས་སུ་ལྷུང་ཡོད་པ་རེད། ཡིན་ནའང་ཚེས་༢༡ཉིན་ཉེན་རྟོག་པས་ནང་མིར་བརྡ་རྒྱབ་ནས་ཁོང་ཕྱིར་ཡུལ་དུ་ཁྲིད་ནས་སྨན་བཅོས་བྱེད་དགོས་ཚུལ་བརྗོད་ཡོད་། དེའི་སྔོན་ལ་ནང་མི་སྐད་ཆ་འདྲི་སྐབས་གཅན་ཚ་རྫོང་ཉེན་རྟོག་པས་ཁོང་སྔར་ནས་གློད་གྲོལ་བཏང་ཚུལ་རྫུན་བཤད་ནས་སྨན་ཁང་དུ་ཡོད་པ་བརྗོད་མེད་། ད་ལྟ་ནང་མིས་དེར་ངོས་ལེན་བྱེད་ཀྱི་མེད་པར་ཞིང་ཆེན་སྨན་ཁང་དུ་བསྐྱལ་ནས་མུ་མཐུད་དུ་སྨན་བཅོས་དང་། དེ་བཞིན་དོན་མེད་བོད་མི་དེ་ཚོར་གཅར་རྡུང་བྱེད་མཁན་ཉེན་རྟོག་པ་དེ་དག་ལ་ཁྲིམས་ཆད་ནན་མོ་གཅོད་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་པ་རེད། ཚོང་བ་དབང་ཕྱུག་སྤུན་མཆེད་གཉིས་ཚེས་༢༢ཉིན་གློད་གྲོལ་བཏང་ཡོད་ཟེར།
མཚོ་སྔོན་པོའི་དྲ་བའི་ཐོག་གནས་ཚུལ་བཀོད་པ་ལྟར་ན། གོང་བརྗོད་མདོ་སྨད་གཅན་ཚ་རྫོང་ནས་འཚོགས་པའི་རྒྱལ་སྤྱིའི་མདའ་རྩེད་འགྲན་ཚོགས་དེ་ནི་རྒྱ་ནག་མདའ་རྩེད་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་ཁུངས་། དེ་བཞིན་ས་གནས་བཅས་ཀྱི་གཞུང་འབྲེལ་ཐོག་མཉམ་སྒྲུབ་བྱས་བ་ཞིག་དང་། ཞིང་ཆེན་ཕྱི་ནང་གི་འགྲན་ཞུགས་རུ་ཁག་ཉིས་བརྒྱ་ལྷག་དང་།ཕོ་ལན་སོགས་ཕྱི་རྒྱལ་གྱི་འགྲན་ཞུགས་རུ་དགུ་བཅས་བསྡོམས་པས་ལུས་རྩལ་པ་སྟོང་ཕྲག་ཁ་ཤས་ཞུགས་ནས། སྤྱི་ཟླ་དགུ་༩པའི་ཚེས་༡༠ནས་ཚེས་༡༣བར་འཚོགས་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ་དང་ལྕགས་མོ་འཚོ།